མཐོ་སྒང་འོ་མའི་ཐོན་རྫས་ཀྱིས་འབྲོག་པའི་ཡོང་འབབ་འཕར་བར་བྱས།

རྩོམ་པ་པོ།   ཚུལ་ཁྲིམས་རྡོ་རྗེ། དུས་ཚོད།   2019-07-24   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             དབྱར་དུས་བཟང་པོ་འདི་ནི་རྩྭ་ཐང་ལ་སྐྱེ་དགུའི་དཔལ་འབར་བའི་དུས་སྐབས་ཤིག་ཡིན་ལ། མཐོ་སྒང་གི་ཕྱུགས་ཟོག་གི་འོ་མའི་ཐོན་སྐྱེད་བཟང་བའི་རྫོགས་ལྡན་གྱི་དུས་སྐབས་ཤིག་ཀྱང་ཡིན། གསར་དུ་བཞོས་པའི་འོ་མ་དང་བསྙལ་མ་ཐག་པའི་ཞོ། མར་དང་ཆུར་བ་སོགས་ཁྱད་ལྡན་གྱི་འོ་མའི་ཐོན་རྫས་རྒྱུན་ཆད་མེད་པར་ཁྲོམ་རར་བཀྲམ་ཏེ། འཛད་སྤྱོད་པ་རྣམས་ཀྱིས་འོ་མའི་ཐོན་རྫས་ཀྱི་དགོས་མཁོ་བསྐངས་པ་དང་། ཆབས་ཅིག་ཏུ་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་ཀྱང་འཕར་བར་བྱེད། 

            འཛམ་ཐང་རྫོང་གི་འཛམ་ཐང་སྟོད་མ་ཡུལ་ཚོ་ནི་འབྲོག་ས་ཞིག་ཡིན་ལ། རྩྭ་ཐང་གི་ཐོན་ཁུངས་ཕུན་སུམ་ཚོགས་པས་ཕྱུགས་ལས་འཕེལ་རྒྱས་ཀྱི་རྨང་གཞི་ཅུང་བཟང་བ་དང་། ཕྱུགས་ཟོག་གསོ་སྤེལ་གྱི་གཞི་རྒྱའང་ཅུང་ཆེ་ལ་འོ་མའི་ཐོན་རྫས་ཀྱི་སྤུས་ཚད་ཀྱང་མཐོ།ཡིན་ནའང་དེ་གའི་འབྲོག་པ་རྣམས་ལ་མ་དངུལ་དཀོན་ལ་ཚོང་ལས་ཀྱི་འདུ་ཤེས་མེད་པས་ཐོན་ཁུངས་ཀྱི་ལེགས་ཆ་འདི་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་མ་ཐུབ་པར་ལུས་པ་རེད། 

            ཉེ་བའི་ལོ་ཤས་རིང་། ཡུལ་ཚོ་འདིའི་ཏང་ཨུའི་སྲིད་གཞུང་གིས་ཡུལ་ཚོའི་གནས་བབ་ལ་གཞིགས་ཏེ་མཐོ་སྒང་གི་ཁྱད་ལྡན་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཀྱིས་ཞིང་ལས་ཡོང་འབབ་འཕར་སྣོན་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་གཙོ་བོར་བཟུང་ནས་རྒྱུན་ཆད་མེད་པར་མཐོ་སྒང་གི་ཕྱུགས་ཟོག་གསོ་སྤེལ་གྱི་གཞི་ཁྱོན་ཆེ་རུ་བཏང་པ་དང་ཆབས་ཅིག་ཏུ་འཛམ་ཐང་སྟོད་མའི་ཁང་ལུང་སྡེ་བར་ལྗང་མདོག་གི་ཞིང་ཕྱུགས་ཐོན་རྫས་ཆེད་གཉེར་མཉམ་ལས་ཁང་བཙུགས་ཏེ། ཆེད་ལས་མཉམ་ལས་ཁང་དང་གསོ་སྤེལ་ཁྱིམ་ཚང་གིས་མཉམ་དུ་ལས་གཉེར་བྱེད་པའི་དོ་དམ་གྱི་རྣམ་པས་གཟབ་ནན་གྱིས་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་ཐོན་སྐྱེད་ཀྱི་ཚད་ཐིག་ལྟར་མཐོ་སྒང་སྐྱེ་ལྡན་འོ་མའི་ཐོན་རྫས་ཀྱིས་འབྲོག་པ་མང་ཚོགས་ཕྱུག་འགྱུར་ཡོང་བར་བྱས།

           གསར་འགོད་པ་འཛམ་ཐང་རྫོང་གི་འོ་མའི་ཐོན་རྫས་ཆེད་ཚོང་ཁང་ཅིག་ཏུ་སོང་པར། གྲལ་དག་པའི་འོ་མའི་ཕོར་བ་མང་པོ་འཁྱགས་སྒྲོམ་དུ་བཤམས་ཡོད་པ་དང་།དེར་འཛད་སྤྱོད་པ་མང་པོ་རྒྱུན་མི་ཆད་པར་ཉོ་རུ་ཡོང་བ་མཐོང་།

           རྒྱུས་ལོན་ལྟར་ན། 2018ལོར་མཉམ་ལས་ཁང་འདིས་འོ་མའི་ཐོན་རྫས་ཕྱིར་འཚོང་བྱས་ནས་ཡོང་འབབ་སྒོར་ཁྲི་25མངོན་འགྱུར་བྱས་ཐུབ་འདུག་ལ།སྔོན་རྩིས་བྱས་པ་ལྟར་ན་ད་ལོར་ཡོང་འབབ་སྒོར་ཁྲི་300མངོན་འགྱུར་ཐུབ་ངེས་རེད་ཅེས་བཤད་དོ། །   

རྩོམ་སྒྲི་ག་པ།  ཚེ་པེ།