ཟླ་འཛིན།

རྩོམ་པ་པོ།   ལྷ་མཛེས་སྐྱིད། དུས་ཚོད།   2019-07-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             མཚན་མོ་དེར་རིའི་ཁུག་ཀྱོག་ཅིག་ཏུ་ཆགས་ཡོད་པའི་རི་ཁུག་སྡེ་བའི་ཕྱོགས་ནས་གྲགས་འོངས་པའི་མ་ཎིའི་དབྱངས་རྟ་དེ། ཐག་རིང་ནས་མཉན་ན་སྤྱང་ཚོགས་ཀྱི་ངུ་ཟུག་དང་ཨ་ན་མ་ན་རེད་ཅེས་བརྗོད་ན་ཐལ་ཆེ་མི་འདུག་སྙམ།

             དེ་ནི་སྤྱི་ཟླ་དགུ་བའི་ཚེས་བཅུ་དྲུག་དང་བོད་ཟླ་བདུན་པའི་ཚེས་བཅོ་ལྔའི་མཚན་མོའི་ཆུ་ཚོད་བཅུ་གཉིས་ཐོག་རེད།

             དུས་དེ་ནི་སྟོན་བསྡུ་རྫོགས་ཏེ་ཤ་དར་ཁྲག་དར་གྱི་སྐྱེས་ཕོ་མོ་ཚོ་སླར་ཡང་ཕྱི་རུ་ཞོར་ལས་བཙལ་དུ་སོང་ནས་ཤུལ་དུ་ལོ་ལོན་དང་བྱིས་པ་ཆུང་ཆུང་དག་ལས་མེད་པས། ཉིན་གཅིག་གི་ཇ་ཐུན་གསུམ་པོའང་ཁར་ཡག་པོ་ཞིག་འགྲོ་ཐུབ་ཀྱིན་མེད་པའི་ཁོ་ཚོས་སྔ་དྲོ་ནས་ཚ་དེམ་དུ་བསུས་ཡོད་པའི་ཆུ་དྲོད་འཇམ་དེས་བརྫིས་པའི་རྩམ་པ་རྔམ་ཟ་བྱས་རྗེས། སྔ་ཉིན་ཨ་མྱེས་དཔལ་འཛིན་གྱིས་བཤད་པའི་ཚེས་བཅོ་ལྔའི་མཚན་མོའི་ཆུ་ཚོད་བཅུ་གཉིས་ཐོག་ཟླ་བ་གཟའ་ཡིས་འཛིན་རྒྱུ་རེད་ཅེས་པ་སེམས་ལ་བཅངས་ནས། བྲེལ་བྲེལ་འཚུབ་འཚུབ་ངང་མ་ཎི་ཁང་གི་ཕྱོགས་སུ་བསྙེགས་ནས་སོང་།

             ནུབ་མོ་དེར་ཤུལ་འདུག་གི་ལོ་ལོན་དང་བྱིས་པ་ཚང་མ་སྡེ་བའི་མ་ཎི་ཁང་གི་སྒོ་ཁར་འདུས་ཤིང་། ལག་གཡས་པས་མ་ཎི་འཁོར་ལོ་བསྐོར་བ་དང་གཡོན་པས་ཕྲེང་བ་འདྲེན་ཞོར་མ་ཎིའི་མགུར་སྐོལ།

             སྤྲིན་ལག་མཐིལ་ཙམ་ཡང་མཐོང་རྒྱུ་མེད་པའི་ནམ་མཁའི་སྐར་ཚོགས་དབུས་སུ་ཟླ་བའི་ཕྱེད་ཙམ་ཞིག་ནག་པོར་གྱུར་ཟིན་ཅིང་། མིག་ཚ་རག་བར་དུ་ཅེར་ནའང་ཨ་ཡེ་སྒྲོལ་མས་བཤད་པའི་“གཟའ”སྟེ། སྙིང་རྗེ་མེད་ཅིང་འཇིགས་སུ་རུང་བའི་སྲིན་པོ་ཟེར་བ་དེ་འདི་ལོས་ཡིན་སྙམ་པ་ཞིག་མཐོང་རྒྱུ་མ་བྱུང་བས། མིང་ལ་བློ་ལྡན་བྱ་བའི་བྱིས་པ་ལོ་དྲུག་ཅན་དེས་སྣ་སྒོར་ཞོ་ལྟར་ཆགས་པའི་སྣབས་ཕྱིས་ཙམ་བྱེད་ཀྱིན་“ཨ་ཡེ་ལོ་ལོ། གདུག་རྩུབ་ཆེ་བའི་སྲིན་པོ་ཞིག་ངས་མཐོང་མ་བྱུང་། ཁྱེད་ཀྱིས་མཐོང་བྱུང་ངམ། གང་ན་འདུག་གམ”ཞེས་གྲུང་ཤ་དོད་པའི་མིག་ཟུང་སྔར་བཞིན་ཟླ་བར་གཏད་ཅིང་། བྱིས་བློའི་དྲི་མ་མ་ཡལ་བའི་དྲི་བ་དེས་ཨ་ཡེ་སྒྲོལ་མ་རེ་ཞིག་ཧད་སེར་བཏང་ནའང་མཐར་“འོ། དེ་ང་ཚོ་ལྟ་བུའི་མི་ཕལ་བ་དག་གིས་མཐོང་ཐུབ་པ་མ་རེད།”ཅེས་པར། བློ་ལྡན་གྱིས་“དེས་ན་སུས་མཐོང་ཐུབ་པ་རེད། བླ་མ་དང་སྤྲུལ་སྐུ་ཚོས་མཐོང་ཐུབ་པ་ཨེ་རེད།”ཅེས་དྲིས། ཨ་ཡེ་སྒྲོལ་མས་“འོ་ལེ། དེ་རེད། དེ་རེད། རྟོགས་པ་མཐོ་བའི་བླ་མ་དང་སྤྲུལ་སྐུ་ཚོས་མ་གཏོགས་མཐོང་ཐུབ་པ་མ་རེད། ད་འདྲི་རྒྱུ་བཤད་རྒྱུ་མ་མང་། མ་ཎི་ཐོན།”ཟེར་བ་དང་། མུ་མཐུད་ནས་ཐེངས་དུ་མར་བློ་ལྡན་གྱིས་རྣ་ཐོས་སུ་སོང་བའི་“ཟླ་བ་གཟའ་ཡིས་ཟ་སྐབས། ཟླ་བས་ན་ཟུག་དང་སྡུག་བསྔལ་མི་བཟོད་པར་‘ཀྱེ་མ།—ས་ཐོག་གི་འབུ་མགོ་ནག་ཚོ། ངས་ན་ཟུག་དང་སྡུག་བསྔལ་འདི་བཟོད་ཐབས་བྲལ་བས་ང་ལ་མ་ཎི་རེ་གསུང་རོགས་དང་…… ’ཞེས་སྨྲེ་ངག་དང་འོ་དོད་འདོན་པ་རེད། དེ་བས་ལྷག་ཏུ་དེ་རིང་ནི་ཚེས་བཅོ་ལྔ་ཡིན་པས། ཟླ་བར་སྙིང་རྗེ་ཚད་མེད་སྒོམ་བཞིན་སེམས་རྩེ་གཅིག་གིས་མ་ཎི་བཏོན་ན་འགྱུར་ཆེ་བ་དང་། ཟླ་བར་ཕན་ཐོགས་པར་མ་ཟད་རང་གི་ཚེ་ཕྱི་མར་ཡང་བར་དོ་ནས་སྡུག་བསྔལ་མྱང་དགོས་པ་མ་རེད།” ཅེས་བཤད་རྗེས་མིག་ཟུང་སླར་ཡང་ཟླ་བར་གཏད་ཅིང་། ཤུགས་རིང་ནར་ནར་བ་ཞིག་འཐེན། ཟླ་བའི་ཕྱོགས་སུ་གཏད་ནས་འགག་ཅིང་འཛེར་བའི་གདངས་ཀྱིས་མ་ཎི་དབྱངས་སུ་གྱེར་བར་བརྩམས།

             “ཚེ་ཕྱི་མ་”དང་“བར་དོ”བྱ་བ་ནི་བློ་ལྡན་ལ་མཚོན་ན་རྣ་ཐོས་སུ་སོང་ཡོད་པ་ལས་ཕལ་ཆེར་བསམ་གཞིག་བཏང་མ་མྱོང་བའི་གནས་ཤིག་ལོས་ཡིན་མོད། འོན་ཀྱང་ཁོས་སེམས་རྣམ་པར་དག་པའི་སྒོ་ནས་ཟླ་བར་སྙིང་རྗེ་ཚད་མེད་སྐྱེས་ཤིང་། ངའང་རྟོགས་པ་མཐོ་བའི་བླ་མའམ་སྤྲུལ་སྐུ་ཞིག་ཡིན་ན་ཅི་མ་རུང་ཨང་སྙམ་བཞིན་མ་ཎིའི་གདངས་དབྱངས་ལ་བྱང་ཆ་མ་ཐོན་པའི་སྐད་འདར་འདར་དེ་འུར་དིར་རེར་ཡོད་པའི་མ་ཎིའི་མགུར་དབྱངས་ཀྱི་རྟ་ལ་ཐིམས།

             ཨ་མྱེས་དཔལ་འཛིན་ནི་རྒྱུན་དུ་ལི་ཐོ་དང་ཁ་འབྲལ་དུ་མེད་པས། ལོ་རེའི་ས་ཞིང་རྨོད་འདེབས་དང་། བསང་སྐར་དང་གཡང་སྐར། མགྲོན་རྩིས། བག་རྩིས་སོགས་གཟའ་སྐར་འཕྲོད་སྦྱོར་ལེགས་མིན་བརྟག་དགོས་ཚེ་སྡེ་བ་ཡོངས་ཀྱིས་གོང་གི་བླ་མ་བཞིན་བཀུར་རྒྱུ་དང་གསུང་བཞིན་དུ་དང་ལེན་བྱེད་ས་ཨ་མྱེས་ཁོང་དང་ཁོང་གི་སྐད་ཆ་དག་ཡིན་ལ། ཁོང་གིས་ཀྱང་ཡིན་མདོག་གིས་ད་ལོ་ཡང་ལོ་རེ་རེའི་དཔྱིད་མགོ་ལྟར་དུ་ལི་ཐོ་ལས་“རྒྱ་ནག་གླང་རྩིས”གཞིར་བཟུང་སྟེ་“ད་ལོ་གླང་གི་མདོག་དཀར་པོ་ཡིན་པས་སད་སེར་ལ་སོགས་ལོ་དགྲ་དང་རིམས་ནད་མང་བ། གླང་གིས་ཁ་གདངས་བ་དང་མཇུག་མ་གཡོན་དུ་གཡོབ་འདུག་པས་ཕྱུགས་ལ་དགེ་ཞིང་བཞོན་དང་ཕྲུ་གུ་འཕེལ་ན་ཡང་། མི་ལ་ཅུང་ཟད་རྩུབ་པ། གླང་རྫི་བྱིས་པ་ཞིག་ཡིན་པས་བྱིས་པ་རྣམས་ལ་བདེ་ཞིང་རྒན་པར་རྩུབ་པ། དར་མ་རྣམས་ཀྱིས་ཤིན་ཏུ་དོགས་ཟོན་བྱེད་དགོས་པ། བྱིས་པའི་ལྭ་བ་ལྗང་ཁུ་དང་སྐ་རགས་དཀར་པོ་ཡིན་པས་ཚོང་དང་འབྱོར་བ་འབྲིང་། དགྲ་ཟླའི་འཚེ་བ་ཅུང་ཡོད་པ། ལྷམ་ཟུང་ཕུད་དེ་ས་ལ་བཞག་ཡོད་པ་དེས་བདེ་སྐྱིད་དར་བ་མཚོན། ལྟག་སྐྲ་གཙུག་ཏུ་བཅིངས་ཡོད་པ་དེས་མཆོག་ཏུ་དགེ་བ་མཚོན། གླང་རྫི་བྲེལ་བས་སྔོན་དུ་རྒྱུག་པ་དེས་ཕྱུགས་རྣམས་བདེ་ཞིང་སོས་འཕར་སྔ་……”ཞེས་བདེན་ཅོག་ཅོག་གིས་སྡེ་མི་ཚོར་དེ་ལྟར་གསལ་བཤད་བྱས་ཤིང་། ན་རྒན་གཞོན་མེད་པར་སྡེ་མི་ཚོས་མགོ་བོ་ལྡེམ་ལྡེམ་བྱས།

             ཡིན་ནའང་ཐེངས་འདིར་ཁོང་གིས་སྔོན་ཆད་ལྟར་ལི་ཐོའི་ངོས་སུ་གསལ་བ་བཞིན་ “ཟླ་བ་དངོས་སུ་མི་བསྒྲིབ་ཀྱང་སའི་གོ་ལས་ཉི་མར་བསྐོར་བ་རྒྱག་སྐབས། ཉི་འོད་ཆ་ཤས་ཙམ་བསྒྲིབས་པའི་ཚུལ་གྱིས་ཟླ་འོད་རྒྱུན་ལྡན་ལྟར་མི་སྣང་བའི་རྣམ་པ་འཆར་བར་འགྱུར་བས་གནམ་རིག་རྒྱང་ཤེལ་སོགས་ལ་བརྟེན་ནས་བལྟས་ན་མཐོང་ཐུབ་པ་ལས་མིག་གིས་ཐད་ཀར་བལྟས་ན་རྟོགས་དཀའ།…… དེ་བས་ལོགས་སུ་གཅན་གཟན་ནམ་སྲིན་པོ་ཞེས་འཇིགས་རུང་གི་སྲོག་ལྡན་ཞིག་གིས་ཤ་ཟ་ཟ་དང་ཁྲག་འཐུང་འཐུང་བྱེད་བཞིན་པ་མ་རེད། བཤད་སྲོལ་དེ་ངག་རྒྱུན་ཙམ་རེད། རྨོངས་དད་བྱ་མི་རུང་།……”ཞེས་ཁོང་རང་སློབ་ཆུང་མཐར་ཕྱིན་མྱོང་བ་དེ་རིག་གནས་པ་ཞིག་གི་ཚད་གཞིར་བཞག་སྟེ། སྒམ་མདོག་གིས་ཡང་དང་བསྐྱར་དུ་དེ་ལྟར་གསལ་འདེབས་བྱས་མོད། (དོན་དམ་དུ་ཁོང་རང་གིས་ཀྱང་“གཟའ”ཞེས་པ་དང་“སྒྲ་གཅན”ཞེས་པར་གོ་བ་ཅི་ལྟར་ལེན་དགོས་པ་དང་འགྲེལ་ཅི་ལྟར་རྒྱག་དགོས་པ་ཤེས་ཀྱིན་མེད་པས། དེ་ལྟར་གསལ་འདེབས་བྱེད་སྐབས་“གཟའ”དང་“སྒྲ་གཅན”ཞེས་པའི་ཐ་སྙད་འདི་རིགས་བསྐོར་ནས་འགྲོ་བའམ་བཏང་སྙོམས་སུ་མི་འཇོག་ཐབས་མེད་ཡིན།)འོན་ཀྱང་རྒས་འཁོགས་དེ་ཚོས་ཁ་སུའི་ཆེ་དང་ལྕེ་སུའི་རིང་གིས་“ལྟ་ལོག་པ”ཞེས་པའི་ཚིག་གཅིག་པོ་དེས་ཨ་མྱེས་དཔལ་འཛིན་གྱི་སྨྲ་སྒོ་དམ་དུ་བཅད་པ་ལས་མགོ་བོ་ནང་དུ་ལྡེམ་མཁན་གཅིག་ཀྱང་བྱུང་མ་སོང་།

             དེ་ལྟར་མཐར་ཨ་མྱེས་ཁོང་རང་ཉིད་ཀྱང་མ་ཎི་ཁང་གི་སྒོ་དྲུང་དུ་བཅར་ཅིང་། ལྷིང་ཞིང་འཇགས་པའི་རི་གྲོང་འདིའི་མཁའ་དབུགས་ཁྲོད་ཁོང་གིས་དབྱངས་སུ་གྱེར་པའི་མ་ཎིའི་གདངས་དབྱངས་དེ་ཀུན་ལས་མཐོ་ཤོས་སུ་གྱུར།།

རྩོམ་སྒྲིག་པ།  ཚེ་པེ།