འཚོ་བའི་ ཁྲོད་ཀྱི་ ཁྱེད།

རྩོམ་པ་པོ།   ཕུན་ཚོགས།དུས་ཚོད།   2019-07-17   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                དེ་ནི་དགུན་ཟླ་ཞིག་རེད་འདུག མིན། ཁ་རྩང་རེད།གྲང་རླུང་འུར་འུར་གཡུག་པའི་ས་སྲོད་ཀྱི་ལམ་བར་དེ་རེད།ས་སྲོད་དེར།ངས་ཁྱོད་རང་མཐོང་བྱུང་།ཁྱིམ་དུ་ལོག་པའི་ལམ་བར་ནས།ཁྱོད་རང་ཡང་ཁྱིམ་དུ་ལོག་བཞིན་པ་མཐོང་སོང་།རང་ཁྱིམ་ཁོ་ན།འཚོ་བའི་ཁ་ཐག་ཡིན་བཞག

               ལན་རེར།དུས་ཚོད་ཀྱི་ཐག་སྒྲ་སྣང་མེད་དུ་བཞག་སྟེ།ཁྱོད་ཁོ་ནར་སྙན་ངག་ཅིག་འེ་ཡིན་སྙམ་པའི་ཚོར་བའི་ཟིན་དང་མ་ཟིན་མཚམས་ཀྱི་ཚིག་གི་མགོ་རྐང་མང་བོ་ཞིག་སྒྲིག་ཁུལ་བྱས།ངས་དེ་དག་སྒྲིག་ནས།མྱི་གཅིག་ལ་པ་པོ་ལུང་བ་གང་འེ་ཐོགས་ཀྱི་བསམ་པའང་མེད་མོད།སྙན་ངག་ཁོ་ནས།ངའི་ནང་སེམས་ཀྱི་ཆགས་སྡང་མཐའ་དག་དཀར་ནག་ཡག་བཙོག་གི་དབྱེ་འབྱེད་མེད་པར།འཚོ་བ་འདིའི་ངོ་གདོང་ལ་སྟོན་དོན།སེམས་ངལ་ཐེངས་རེ་གསོ་ཐུབ་པས་ཡིན།

              སྐབས་སྐབས་སུ་ངས་བསམ་བཞིན་དུ། སྙན་ངག་དེ་དག་ཁྱོད་ལ་བསྐུར་བ་ཡིན། མིན།སྙན་ངག་ཁྱོད་ལས་བྱུང་ཡང་།ཁྱོས་སྙན་ངག་མི་ཤེས།དེ་ལས།ངས་ཚེག་ཁྱིམ་རེ་རེར་དྲན་པའི་མུ་ཏིག་གིས་བརྒྱན་ཏེ་མི་ཡུལ་དུ་བསྐྱུར་འཇོག རང་གིས་རང་ལ་སྙན་ངག་གི་དུད་ཆང་ལྡུད་ཚུལ་འདི་མྱི་ཡུལ་དུ་ཡོད་པའི་འཚོ་བ་དང་།འཚོ་བ་ངོ་ཤེས་ཚུལ་ཡིན།ཁྱོད་རང་དགོད་ཤོར་སོང་ངམ། འཚོ་བ་ཡཱ།ཁྱོད་རང་དགོད་ན་དགད་ཆོག ངུ་ན་ངུས་ཆོག ངུ་མ་དགོད་ཀྱི་ངོ་གདོང་ཁྱོད་ཀྱི་གཤིས་ཀ་མ་ཡིན།

ཁྱིམ་དུ་ལོག་རྗེས།ངས་ཉིན་གཅིག་གི་འགྲོ་འདུག་ལ་བསྐྱར་འདང་ཐེངས་ཤིག་བརྒྱབ། ཞོགས་པར་ཁྱོད་རང་གཉིད་ཀྱི་གཏིང་ལ་ལྷུང་སྟེ་འཇིག་རྟེན་གྱི་ཉིན་སྲིབ་བརྗེད་སྐབས།ངས་སྤྲིན་དཀར་རོ་ཐོད་ལ་བཞག ས་ནག་པོ་འདོམ་ལ་འཇལ་ནས་ས་ཐག་རིང་བོ་ཞིག་ཏུ་འགྲོ་དགོས་པར་ཞེ་རྩ་སྨྲེང་།དེ་དག་བསམ་ནས་ངས་ཁྱོད་ལ་མཐའ་མཇུག་གི་འཕྲིན་ཐུང་ཞིག་བསྐུར་བ་ཡིན།དེ་ནི་སང་ཉིན་ང་ཚོའི་ལོ་སར་རེད་ཅེས་པ་དེའོ།།

            ཅུང་མ་འགོར་བར།ཁ་པར་ཞིག་གྲག་བྱུང་། རེད།ཁྱོས་ཁ་པར་རེད།དགོང་མོ་དེར། འུ་གཉིས་ཡང་བསྐྱར་ཐུག་བྱུང་། ནམ་ཕྱེད་ཡོལ་ཟིན། མྱི་ཚོགས། རྨི་ལམ་གྱི་རྟ་པོའི་གོང་ནས་མངོན་སུམ་གྱི་འཚོ་བར་འདུར་གྱིན་འདུག སྙིང་ཆུང་གཉིས་ཁོ་ན།མཚན་མོའི་སྨག་རིམ་དཀྲོགས་པའི་ཟླ་འོད་ལས་ཀྱང་དཀར།

           ཞོགས་པར། ང་རང་ལམ་ལ་ཆས་པ་ཡིན།དུས་ཚོད་ཀྱི་ཐ་གུ་སྐེ་ཤར་བཏགས་ནས།ལྷམ་ལ་རྡོག་པ་རྒྱབ་སྟེ་འཚོ་བའི་ཉིན་མཚན་རྩིས།ཡིན་ཡང་།ངའི་སྐོམ་གདུང་གི་མིག་ལ་ཁ་བ་ལྟར་བབས་པའི་ཁྱོད།ལོ་ཆང་ཞིག་ཀྱང་མ་མཆོད་པར་འབྲལ་དགོས་པར་སེམས་རྩ་གཉོམ།མིན། ལོ་སར་རོལ་ཚར། ཕ་ཡུལ་གྱི་ལོ་སར་ཟླ་གཅིག་གི་སྔུན་ནས་རོལ་ཚར།ངས་ད་གཟོད་ལོ་སར་ནི་གསང་བ་ཞིག་ཡིན་པ་ཤེས་བྱུང་།ཕ་ཡུལ་གྱི་སྲང་ལམ་ནས་ཁ་བ་ལྟར་ཞི་བའི་རྒས་སླ་བའི་མི་ཤ་རློན་པ་དེ་དག་ལའང་མྱ་ངན་ཡང་ཡང་ཞུས་ནས་འགྲོ་དགོས་བྱུང་།།

རྩོམ་སྒྲིག་པ། ཚེ་པེ།