ཤི་ཤ་བཙོང་ནས་ཕྱུག་པོར་འགྱུར་བའི་རྨི་ལམ་དཀྲོགས།

རྩོམ་པ་པོ།   དུས་ཚོད།   2019-07-17   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             རྔ་བའི་གསར་འགྱུར་དྲ་བའི་འཕྲིན། (གསར་འགོད་པ་གྲགས་པ་བསྟན་འཛིན།) ཉེ་ཆར། མཛོད་དགེ་རྫོང་སྤྱི་བདེ་ཉེན་རྟོག་པས་བདེ་བླག་ངང་ཤི་ཤ་ལས་སྣོན་དང་ཕྱིར་འཚོང་བྱེད་པའི་ཁྲིམས་འགལ་གྱི་དོན་རྐྱེན་ཞིག་མེད་པར་བཟོས། ཡུལ་དངོས་ནས་ནོར་མགོ་8དང་། རུས་སྒྲོམ་5། ཀོ་བ་13། རུས་པ་དང་ལྷན་ཤ་རྒྱ་མ་800ལྷག་ལག་སོན་བྱུང་།

            ཉིན་དེའི་དུས་ཚོད་13ཐོག་ཏུ། བན་ཡུལ་སྤྱི་བདེ་ཅུས་ཀྱིས་ཚད་གཞི་གཅིག་དང་དངོས་འབེབས་གསུམ་ལག་བསྟར་བྱས་ཏེ་རང་གི་དོ་དམ་མངའ་ཁོངས་སུ་འདྲི་རྩད་བྱེད་པའི་སྐབས། བློ་ཆེ་གེ་མོ་ཚང་གི་ར་བའི་ནང་དུ་ནོར་ཀོ་དང་། རུས་པ་མང་པོ་ཡོད་པ་མཐོང་ཞིང་། རུལ་དྲི་འཐུལ་ནས་ཡོད་པ་ཤེས། བློ་ཆེ་གེ་མོ་དང་གླེང་མོལ་བྱེད་པའི་སྐབས་སུ་ཁོ་བློ་འཚབ་ཆེ་བར་གྱུར་ཅིང་། བཤད་པའི་གཏམ་ལ་མགོ་རྔ་མེད་པར་མ་ཟད། མི་དམངས་ཉེན་རྟོག་པ་རང་གི་ར་བ་ནས་ཕྱིར་འགྲོ་བའི་རེ་འདུན་ལན་མང་ཞུས།

             གནས་ཚུལ་འགྲིག་མེད་པ་ཤེས་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་མར་བློ་ཆེ་གེ་མོའི་ཁང་བའི་ནང་སྔོག་བཤེར་བྱས་པ་དང་། སྡོད་ཁང་གི་གཡོན་ཕྱོགས་སུ་སྒོར་ཟྭ་དམ་པོར་བརྒྱབ་ཡོད་པའི་མཛོད་ཁང་ཆུང་ཆུང་ཞིག་ཡོད་པ་མཐོང་རྗེས། མི་དམངས་ཉེན་རྟོག་པས་མཛོད་ཁང་དེའི་སྒོ་ཕྱེ་ཞེས་ཡང་ཡང་བསྐུལ་བས། བློ་ཆེ་གེ་མོ་ཅི་བྱ་གཏོལ་མེད་དུ་གྱུར་ནས་སྒོ་ཕྱེ་བ་ན། རིང་ཐུང་ལ་སྨི་10ཡང་མེད་པའི་ཁང་བ་དེའི་ནང་ནོར་ཀོ་དང་རུས་སྒྲོམ་གྱིས་བཀང་འདུག

           མི་དམངས་ཉེན་རྟོག་པས་ཡུལ་དངོས་ནས་ཞིབ་བཤེར་བྱས་རྫེས། བློ་ཆེ་གེ་མོ་སྤྱི་བདེ་ཅུས་སུ་ཁྲིད་དེ་འདྲི་གཅོད་བྱས། མ་གཞིར་བློ་ཆེ་གེ་མོས་སྡེ་མི་འགའ་རེའི་ལག་ནས་ཤི་ཤ་གོང་སླ་མོའི་སྒོས་ཉོས་ནས། ལས་སྣོན་བྱས་རྗེས་རིན་གོང་གཞན་པ་ལས་དམའ་མོས་ས་ཁུལ་གཞན་པར་སྡེབ་འཚོང་བྱས་ཏེ་ཁྲིམས་འགལ་གྱི་སྒོ་ནས་ཁེ་སྤོགས་བླངས།

         མིག་སྔར། དོན་རྐྱེན་འདིར་འབྲེལ་ཡོད་ལས་ཁུངས་ལ་སྤྲད་དེ་ཐག་གཅོད་བྱེད་བཞིན་པའི་སྒང་ཡིན་པ་དང་། མཛོད་དགེ་རྫོང་ཚན་རིག་ལག་རྩལ་དང་ཞིང་ཕྱུགས་ལས་ཅུས་ཀྱིས་འབྲེལ་ཡོད་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས། བློ་ཆེ་གེ་མོ་ལ་སྒོར་6720ཆད་པ་བཅད་པ་དང་། ཤི་རྐྱེན་མི་གསལ་བའི་ཤི་ཤ་དང་ཀོ་སོགས་གཞུང་བཞེས་བྱས་ཏེ་མེད་པར་བཟོས།  

རྩོམ་སྒྲིག་པ།  ཚེ་པེ།