སྒོར་མོ་གཡོ་ལེན་བྱེད་མཁན།

རྩོམ་པ་པོ།   དུས་ཚོད།   2019-07-16   རྩོམ་ཁུངས།    བསིལ་རླུང་རྒྱུན་ཤེས་འཕྲིན་སྟེགས།

                

                ཉེ་ལམ་འཕྲིན་ཕྲན་སོགས་དྲྭ་ལམ་བརྒྱུད་དེ་སྒོར་མོ་གཡོ་ལེན་དང་རྐུ་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ།

                དེང་སྐབས་འཕྲིན་ཕྲན་དང་དྲྭ་ལམ་ཁ་པར་སོགས་བརྒྱུད་ནས་སྒོར་མོ་ལེན་པའི་གཡོ་ཐབས་སྣ་ཚོགས་ལས་ལོ་རེར་རྒྱ་ནག་ས་ཁུལ་ནང་ལྟ་བུས་ཀྱང་དམངས་སྒོར་དུང་ཕྱུར༡༠༠ལྷག་རྐུ་འཕྲོག་བྱེད་བཞིན་ཡོད་པའི་གནས་ཚུལ་སྤྱི་བདེ་སོགས་འབྲེལ་ཡོད་ལས་ཁུངས་དག་གིས་སྤྱི་སྒྲོག་བྱེད་བཞིན་འདུག

               མ་ཟད་ཧྲན་ཏུང་ནས་ལོ་ན་བཅུ་དགུ་སོན་པའི་བུ་མོ་སློབ་མ་ཞིག་གི་སློབ་ཡོན་སྒོར་ཁྲི་གཅིག་ལྷག་དྲྭ་ལམ་རྐུན་ལག་ཏུ་ཤོར་བས་རང་ཤི་བརྒྱབ་པ།

               ཀན་སུའུ་ཡི་གྲོང་གསེབ་དགེ་རྒན་ཞིག་གི་ཚེ་གང་བོར་བསགས་པའི་སྒོར་ཁྲི༢༣ཡོད་པ་དེ་མི་ཞིག་གིས་ཉེན་རྟོག་པ་ཡིན་ཁུལ་གྱི་ཁ་པར་ཞིག་ཐོན་ནས་ཁྱོད་ཀྱི་ཁྱོ་ག་ལ་གནད་དོན་བྱུང་བ་སོགས་རྫུན་སྣ་ཚོགས་བཤད་དེ་བརྐུས་སོང་།གནས་ཚུལ་གསལ་ཐག་ཆོད་པ་ན་དགེ ་རྒན་བུད་མེད་དེས་རང་སྲོག་བཅད་པ།

              དེ་མིན་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཁྲིམས་ལུགས་ལེ་ཚན་གྱི་མདོ་འཛིན་པར་ཁ་པར་ཐོན་པ་སོགས་གནས་ཚུལ་དང་ཐབས་ལམ་མི་འདྲ་བའི་ལམ་ནས་སྒོར་མོ་གཡོ་ལེན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་མང་ཚོགས་ཡོངས་ཀྱིས་འདི་ལ་དོ་སྣང་གསར་བ་ཞིག་དགོས་པར་སེམས་སོང་།

             ༡༽ ཉེན་རྟོག་པར་བརྫུས་ནས་བཤད་པ།

             སྤྱི་བདེ་དང་ཉེན་རྟོག་པར་བརྫུས་ནས་ཁ་པར་དང་འཕྲིན་ཐུང་ཅི་རིགས་བརྒྱུད་ཁྱེད་རང་གི་དངུལ་བྱང་བདེ་འཇགས་མིན་པས་སྒོར་མོ་ཡོད་ཚད་བདེ་འཇགས་དང་ལྡན་པའི་དངུལ་བྱང་དུ་གནས་སྤོར་དགོས་པའི་སྐོར་གྱི་ཁ་པར་དང་འཕྲིན་ཐུང་གཏོང་མཁན།

             སྤྱི་བདེ་དང་ཉེན་རྟོག་པར་བརྫུས་ནས་ཁྱེད་མགྲོན་ཁང་ག་གེ་མོར་བསྡད་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས་པས་ཨང་གྲངས་ག་གེ་མོ་སྐུར་སོགས་དང་། ཡང་ན་ཁྱེད་རང་ལ་འཛིན་བཟུང་བཀའ་རྒྱ་ཞིག་ཕབ་ཡོད་པས་དྲྭ་ཐོག་ནས་དེའི་གནས་ཚུལ་སྐོར་ལ་ལྟ་དགོས་པའི་སྐོར་དང་དངུལ་སྤྲད་ན་ཐབས་ཡོད་སྐད་སོགས་མགོ་སྐོར་བཏང་ནས་ལེན་པ།

             ༢༽ དངུལ་ཁང་གི་ལས་མིར་བརྫུ་བ།

             དཔེར་ན། 95599 སོགས་དངུལ་ཁང་གི་ཨང་གྲངས་བརྒྱུད་དེ་འཕྲིན་ཡིག་དང་ཁ་པར་སོགས་འོང་ནས། དངུལ་ཁང་གི་ལས་མིར་བརྫུས་ཏེ་ཐབས་སྣ་ཚོགས་ཀྱིས་དངུལ་བྱང་དང་ཐོབ་དཔང་ཨང་གྲངས་སོགས་སྐུར་དུ་འཇུག་པ།ཡང་ན་དྲྭ་གནས་སོགས་བསྐུར་དེ་དེར་དངུལ་བྱང་སོགས་ཀྱི་ཨང་གྲངས་ཐོ་འགོད་བྱེད་དགོས་པའི་རིགས་བརྗོད་མཁན།

             དང་ཐོག་ཁུག་དམར་ཞིག་བསྐུར་འོང་དེ་རང་གིས་དང་ལེན་བྱས་རྗེས་ཚུར་བསྐུར་བའི་ཨང་གྲངས་ལྟར་ཕར་སྒོར་བླངས་འགྲོ་བ།ད་དུང་འཚོལ་བཤེར་དྲྭ་མིག་བསྐུར་ཏེ་ནང་འཇུག་བྱས་ན་ཆགས་སྤྱོད་བརྙན་ཡོད་སྐད་ཀྱིས་སླུ་བྲིད་འོག་སྒོར་མོ་བླངས་འགྲོ་བ།གཞན་གྱི་འཕྲིན་ཕྲན་བརྐུས་ནས་དེའི་ནང་གི་གྲོགས་པོ་དང་ཉེ་བ་རྣམས་ལ་དཀའ་ངལ་ལ་འཕྲད་ཡོད་པས་སྒོར་མོ་སྐྱི་སྤྲོད་སོགས་དགོས་པའི་སྐད་སྐུར་མཁན།

              ཁྱེད་ཀྱི་ཁ་པར་སོགས་ཨང་གྲངས་ག་གེ་མོ་ལ་བྱ་དགའ་ཅི་ཞིག་ཐོབ་སོང་བས་བྱ་དགའ་དེ་ལེན་པར་སྔོན་ལ་ཁྲལ་སོགས་སྤྲོད་དགོས་པའི་སྐོར་གྱི་ཁ་པར་དང་འཕྲིན་ཐུང་གཏོང་མཁན།

              ༣༽ ཁྱིམ་མིར་ཆག་སྒོ་བྱུང་བར་སྨྲ་བ།

              ཁྱིམ་མི་ག་གེ་མོར་གློ་བུར་ནད་གཞི་ཆེན་པོ་ཞིག་གམ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་སྨན་ཁང་དུ་ཐོན་ཡོད་པ་དང་མྱུར་སྐྱོབ་དགོས་ཚུལ་སོགས་ལབ་ནས་མགྱོགས་པོར་སྨན་ཡོན་བསྐུར་དགོས་པའི་ཁ་པར་དང་འཕྲིན་ཐུང་གཏོང་མཁན།

              ༤༽ ས་གནས་མགོ་ཁྲིད་པར་བརྫུ་བ།

            རང་གི་ས་ཕྱོགས་ཀྱི་མགོ་ཁྲིད་པར་བརྫུས་ནས་ཁ་གཡར་ས་འདྲ་མིན་བཙལ་ཏེ་སྒོར་མོ་སྐུར་དགོས་ཚུལ་བརྗོད་དེ་གཡོ་ལེན་བྱེད་པ་སོགས་ཐབས་སྣ་ཚོགས་གཏོང་བཞིན་ཡོད་པར་ཅིས་ཀྱང་ཞིབ་འཇུག་བདེན་དཔང་གསལ་ཐག་མེད་པར་ཐོབ་དཔང་དང་དངུལ་བྱང་གསང་གྲངས་སོགས་སུ་ལའང་བསྐུར་མི་རུང་བ་ཤེས་དགོས།