དབྱར་ལ་བཅར་དུས།

རྩོམ་པ་པོ།   དུས་ཚོད།   2019-07-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

སྙིང་སྡུག དབྱར་ལ་བཅར་དུས།

གནམ་གཤིས་ཚ་དྲོད་མི་བཟད་པར་སེམས་ཁྲལ་མ་གནང་།

སྙིང་ཉེ་བའི་མེ་ཏོག་དང་རྩྭ་ཕྲན་རེ་རེར་འགྲམ་པ་གློན་དང་།

ཚ་གདུག་མ་འཕོག་པའི་སྔ་རོལ་དུ།

ང་རང་ཅིས་ཀྱང་ལྷོག་ལྷོག་གིས་འཕྱུར་ཏེ།

ཁྱོད་ཀྱི་མཁའ་དབྱིངས་སུ་ལང་ལོང་ལྡང་ངེས།

སྙིང་སྡུག དབྱར་ལ་བཅར་དུས།

ཐོག་རྒོད་དང་དྲག་ཆར་དུ་སེམས་ཁྲལ་མ་གནང་།

རྟ་ཕོ་ཡངས་པའི་སྤང་ལ་ཁྲིད་དང་།

དྲག་ཆར་མ་བབས་པའི་སྔ་རོལ་དུ།

ང་རང་ཕྱོགས་ཀུན་ནས་ལྡང་བའི་འཐོར་རླུང་དུ་སྤྲུལ་ཏེ།

ཅིས་ཀྱང་མཁའ་མཐའི་སྤྲིན་ནག་གཏོར་ངེས།

སྙིང་སྡུག དབྱར་ལ་བཅར་དུས།

ཆར་ཆུས་བརླན་པར་སེམས་ཁྲལ་མ་གནང་།

དྲན་གདུང་མཚོན་བྱེད་ཀྱི་རི་རྩེའི་སྨུག་པ་བན་བུན་ལ།

ག་ལེར་བྱིལ་བྱིལ་གནོངས་དང་།

ཆར་ཆུས་ནང་སེམས་མ་བརླན་པའི་སྔ་རོལ་དུ།

ཆུ་ཕྱིང་མཆན་ལ་བཙིར་ཏེ།

ང་རང་ཅིས་ཀྱང་རི་ཤོད་དུ་འབྱོར་ངེས།།

རྩོམ་སྒྲིག་པ།  ཚེ་པེ།