དམངས་གཉེར་ཁེ་ལས་ནི་ལས་མི་བསྡུ་མཁན་གཙོ་བོར་གྱུར།

ས་གནས་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ་ལས་ཞུགས་ཇེ་བརྟན་དུ་བཏང་བ།

རྩོམ་པ་པོ།   དུས་ཚོད།   2019-07-12   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར

ལོ་སར་གྱི་དགའ་སྟོན་རྫོགས་པའི་རྗེས་སུ་མི་རྣམས་བྲེལ་བས་ཁེངས།

              ལོ་སར་གྱི་དུས་ཆེན་རྫོགས་པའི་རྗེས་སུ་རོང་འབྲོག་གི་ལས་མི་རྣམས་ལས་གནས་སུ་ཕྱིར་ལོག་ཅིང་། ལས་ཀར་བྲེལ་བ་ཆེ་བའི་དུས་སུ་ཁེལ། གསར་འགོད་པ་སི་ཁྲོན་དང་། ལེའོ་ཉིང་། ཀན་སུའུ། ཞིན་ཅང་། པེ་ཅིང་སོགས་སུ་བསྐྱོད་དེ་བཅར་འདྲི་བྱས་པ་ལས་ཤེས་གསལ་ལྟར། ས་གནས་ཁག་གིས་སྲིད་ཇུས་ཀྱི་བྱེད་ཐབས་སྣ་མང་ལག་བསྟར་བྱས་ཏེ་རོང་འབྲོག་རྣམས་ཀྱི་ལས་ཞུགས་བརྟན་པོ་དང་རྒྱ་ཇེ་ཆེར་བཏང་། དེ་དང་ཆབས་ཅིག་ཏུ་དམངས་གཉེར་ཁེ་ལས་ཀྱིས་ཀྱང་རོང་འབྲོག་གི་ལས་མི་བསྡུ་བའི་ཐད་ནུས་པ་གལ་ཆེན་བཏོན།

           དང་པོའི་བཅོ་ལྔའི་དུས་ཆེན་མ་ཤར་གོང་ནས་ཀན་སུའུ་ལན་ཀྲོའུ་ཡི་མེ་འཁོར་འབབ་ཚུགས་སུ་ལས་གནས་སུ་ཕྱིར་ལོག་མཁན་གྱི་རོང་འབྲོག་གི་ལས་མི་མང་པོ་བསླེབས། འབབ་ཚུགས་ཀྱི་ཐང་ཆེན་གང་སར་རྡོག་ཁྲེས་ཆེ་ཆུང་སྣ་ཚོགས་ཁྱེར་བའི་ལས་མིས་ཁེངས་ཤིང་། ཀན་སུའུ་ལུང་ནན་ནས་ཡིན་པའི་དབྱང་ཁྲེང་པའོ་ཡིས་ཕ་ཡུལ་གཅིག་པའི་མི་བདུན་བརྒྱད་དང་མཉམ་དུ་ཝུའུ་ལུའུ་མུའུ་ཆིར་ལས་ཀ་འཚོལ་བར་འགྲོ་རྩིས་བྱེད་ཀྱིན་འདུག

          ཕྱིར་ལས་ཀ་བྱེད་པར་འགྲོ་བ་ནི་སྔར་བཞིན་རོང་འབྲོག་གི་ལས་མིའི་གདམ་ག་ཐོག་མ་ཡིན་ཞིང་། དབྱང་ཁྲེང་པའོ་ཡིས་ཝུའུ་ལུའུ་མུའུ་ཆིའི་ལས་ཡུལ་ཁག་གཅིག་ཏུ་ལོ་གསུམ་ལས་ཀ་བྱེད་མྱངས་འདུག་ལ། གླ་ཆ་ཡག་པོར་སྤྲོད་ཀྱིན་འདུག ཕ་ཡུལ་དུ་ལས་ཀ་བྱས་པ་ལས་ལས་གླ་མཐོ་བ་འདུག གླ་ཆ་འགྱངས་ཆད་ཀྱི་གནས་ཚུལ་ལ་འཕྲད་མ་མྱོང་ཞེས་དབྱང་ཁྲེང་པའོ་ཡིས་བཤད།

          དེ་དང་ཆབས་ཅིག་ཏུ་ཕ་ཡུལ་དུ་ལས་ཀ་བྱེད་མཁན་གྱི་རོང་འབྲོག་གི་ལས་མི་ཇེ་མང་དུ་ཕྱིན་ཅིང་། ཟླ་2ཚེས་14ཉིན་སི་ཁྲོན་མེ་ཧྲན་གྲོང་ཁྱེར་ཏུང་པོ་ཧུའུ་ཐང་ཆེན་དུ་ལོ་སར་རྗེས་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་ཐོག་མ་སྤེལ་བ་དང་། ཐེངས་འདིར་ལས་གནས་ཁྲི་གཅིག་ལྷག་མཁོ་འདོན་བྱས་ཡོད་པ་དང་། ལས་གནས་ཀྱི་གྲངས་འབོར་ན་ནིང་གི་དཔྱིད་གསར་ལས་བསྡུའི་འདུ་ཚོགས་ཀྱི་ལྡབ3ཟིན་པ་དང་། དེ་ཉིན་རང་མོས་འདོད་མཐུན་འཇོག་མཁན་3000ཙམ་བྱུང་ཡོད།

དམངས་གཉེར་ཁེ་ལས་དེ་ལས་མི་བསྡུ་མཁན་གཙོ་བོར་གྱུར་པ།

        དམངས་གཉེར་ཁེ་ལས་དེ་རོང་འབྲོག་གི་ལས་མིའི་ལས་ཞུགས་བརྟན་པོར་དང་རྒྱ་ཆེར་འགྲོ་བའི་ཐབས་ལམ་གལ་ཆེན་དུ་གྱུར་ཅིང་། པེ་ཅིང་གྲོང་ཁྱེར་དུ་རོང་འབྲོག་གི་ལས་མིའི“མྱུར་སྐྱེལ་ཕོ་གཞོན”ཁག་ཅིག་དཔྱིད་གསར་དུས་ཆེན་གྱི་རིང་དུ་ཕྱིར་ལོག་མེད། དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་མྱུར་སྐྱེལ་མི་སྣར་དམངས་གཉེར་ཁེ་ལས་ཁག་གིས་གླ་ཆ་མཐོན་པོ་སྤྲད་པ་དང་། ཕན་བདེའི་བྱེད་ཐབས་སྣ་མང་ལག་བསྟར་བྱས་ཡོད། ཧྲུན་ཧྥང་ཀུང་སིས་གནམ་གང་གི་མཚན་མོའི་ལས་རེས་ལ་ཟ་མ་བསྐྱལ་བ་དང་། ད་དུང་མི་སྣ་རེ་རེས་སྐོར་བྱས་ཏེ་ཚོགས་མཆོད་ལ་ལྟ་བར་ཁྲིད་ཡོད། སུའུ་ཉིང་ཀུང་སིས་སྒོར་དུང་ཕྱུར་3བཏོན་ནས་དཔྱིད་གསར་དུས་ཆེན་རིང་གི་ལས་རེས་པ་རྣམས་ལ་ཁ་གསབ་ཀྱི་དངུལ་སྤྲད་པ་དང་། བྲེལ་སྐྱེལ་མི་སྣར་ཐོབ་ཆ་ལྡབ་གཅིག་སྤྲད་ཡོད་པ་རེད།

          ཞིན་ཅང་ལུ་ཐེ་ཧྥང་ཧྲོ་སྲིང་བལ་ལས་རིགས་ཚད་ཡོད་འགན་འཁྲི་ཀུང་སི་ནི་རང་རྒྱལ་གྱི་སྲིང་བལ་ཐོན་ཁུལ་གཙོ་བོ་སྟེ། ཞིན་ཅང་ཨ་ཁེ་སུ་ས་ཁུལ་གྱི་ཨ་ཝ་ཐི་རྫོང་དུ་ཡོད་པ་དང་།ཀུང་སི་དེར་ལས་གནས་1500ཙམ་ཡོད། ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལི་ཅིན་ཆོན་གྱིས་ཀུང་སི་ཟླ་2ཚེས་9ཉིན་དངོས་སུ་ལས་ཀའི་མགོ་བཙུགས་ཡོད་པ་དང་། བཟོ་གྲྭའི་ལས་བཟོ་བ་1500ཚང་མ་ལས་ཀར་འབྱོར་ནས་ཐོན་སྐྱེད་ལ་ཞུགས་ཟིན་ཞེས་བཤད།

བྱེད་ཐབས་སྣ་མང་སྤྱད་དེ་ཞིང་པ་རྣམས་ཀྱི་ལས་ཞུགས་ལ་སྐུལ་འདེད་བཏང་བ།

          མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་པུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་སྡེ་ཚན་བཞིས་ཟླ་2ཚེས་12ཉིན་དུས་ཡུན་ཟླ་བ་གཅིག་གི་2019ལོའི་དཔྱིད་རླུང་བྱ་སྤྱོད་ཅེས་པ་སྤེལ་ནས་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་བཏང་བ་རེད།

           སི་ཁྲོན་ཞིང་ཆེན་ལས་ཞུགས་ཅུས་ཀྱི་ཅུས་ཀྲང་ཧོང་ཤའོ་ཏུང་གིས“དཔྱིད་རླུང་བྱ་སྤྱོད”རིང་སི་ཁྲོན་གྱིས་ལས་མི་བསྡུ་བའི་འདུ་ཚོགས་ཆེ་གྲས་ཐེངས་800ཙམ་སྤེལ་ནས་ཁེ་ལས་ཁྲི་4ཙམ་གདན་ཞུ་དང་ལས་གནས་ཁྲི་80ཙམ་མཁོ་འདོན་བྱས་ཡོད། འདི་ལོར་སི་ཁྲོན་གྱིས་རོང་འབྲོག་གི་ལས་མིའི་ཞབས་འདེགས་འགན་ལེན་ལ་ཤུགས་སྣོན་པའི་དོན་ཚན་16དང་། ཕ་ཡུལ་དུ་ལོག་པའི་ལས་གཏོད་དོན་ཚན་22སོགས་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱས་ཏེ། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་གྱི་གཞི་ཁྱོན་དང་སྤུས་ཚད་མཐོ་རུ་གཏོང་བ་དང་འབྲེལ་རོང་འབྲོག་གི་ལས་མི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱ་ངེས་ཡིན་ཞེས་བཤད།

        ཧྲེང་དབྱང་གྲོང་ཁྱེར་གྱིས་སྲིད་ཇུས་གསར་པ་རབ་དང་རིམ་པ་བཏོན་ནས་ལས་ཞུགས་བརྟན་པོ་ཡོང་བར་བྱས་ཡོད་དེ། དཔེར་ན། ལས་མི་ཉུང་དུ་མི་གཏོང་མཁན་ནམ། ཡང་ན་ཉུང་དུ་ཞེ་དྲག་མི་གཏོང་མཁན་གྱི་འགན་བཅོལ་ལ་ཞུགས་མཁན་གྱི་ཁེ་ལས་ལ་ལོ་འཁོར་གོང་མར་དངོས་སུ་འཇལ་བའི་ལས་ཤོར་འགན་བཅོལ་དངུལ་གྱི་བརྒྱ་ཆ་50ཕྱིར་བསློགས་པ་ལྟ་བུ་བཅས་སོ།།

རྩོམ་སྒྲིག་པ།  ཚེ་པེ།