ལོ་ མ་ སེར་ བོ།

རྩོམ་པ་པོ།   དུས་ཚོད།   2019-07-11   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               ལོ་མ་སེར་བོ། ངའི་སྟོན་མཇུག་གི་ནམ་མཁར། ཚེ་ཟད་ཀྱི་འཕུར་འདར་བྱེད་ཐེངས་རེ་རེར། ང་ནམ་ཡང་ཁྱེད་ཀྱི་སྐྱོ་ཁམས་ནས་གྱེས་པར་སྨོན་ལམ་བཏབ་མྱངས། ལོ་མ་སེར་བོ། གངས་ཏི་སེའི་ཡང་རྩེར་ལྷོད་ཀྱིས་འཁོར་ཤིང་། སྤང་ཁུག་རེ་རེར་རྡུལ་བཞིན་བབས། ངས་གང་སར་ཁེར་རྐྱང་གི་རྐང་རྗེས་དཔར་ཀྱང་། རྡོག་སྣེ་ན་འགྲིལ་བ་སེར་ཐིག་བབས་པའི་ལོ་མ་རེ་རེ་ཡིན་ལ། རླུང་གིས་ཅི་ཞིག་འཁྱེར་བར་དོགས་ནས་སྨྲེ་སྔགས་ཀྱི་ཨག་འབོད་ཐེངས་ཤིག་ཤོར་བས། ལ་ཁའི་དར་ལྕོག་དང་ལྗོན་ཤིང་། ཐ་ན་སའི་གོ་ལའང་འདར་སིག་སིག་བྱས།

              ལོ་མ་སེར་བོ། ངའི་སྙན་ངག་གི་གཞུང་ལ་ཁ་བ་དང་མཉམ་དུ་བབས་དུས། ངས་དབྱར་ལྗོངས་ཤིག་གི་ལྗང་ལོ་དང་དྲོད་ཁོལ་ལ་སྨོན་ལམ་བཏབ་ཅིང་། སྙན་ཚིག་རེ་རེའི་གསེང་ན་སྐྱོ་སེམས་ཀྱི་མིག་ཆུ་ཟིལ་བ་བཞིན་འཁྱིལ། རྫ་ཁའི་ན་བུན་ལང་ལོང་དུ་ཁྱེད་ཀྱི་ལས་དབང་ལ་ལག་སྙོབ་བྱས་ཉིན་ནས། མཚན་མོའི་རྒྱུ་སྐར་མཛུ་གུར་བགྲང་བཞིན་མར་མེའི་འོད་མདངས་ལ་ཡིད་སེམས་བཅོལ། འོད་སྣང་དུ། ལོ་མ་སེར་བོ་ལམ་ལམ་དང་ལྷབ་ལྷུབ་ངང་འཕུར་ཅིང་སྔས་མགོར་ལྷུང་། སྐབས་རེར། ང་རང་ཟླ་འོད་ལ་འཇུས་ཤིང་མཐོ་ས་ནས་རྒྱང་མིག་འཕེན་ཐེངས་རེར། ལོ་མ་སེར་བོའི་འཕུར་རྩལ་ལ་སྨྲེང་སེམས་ཀྱི་སྐྱོ་དབྱངས་འཐེན་པའི་གླུ་བ་ང་གཅིག་པུ་ག་ལ་ཡིན། ང་རང་གླུ་བའི་ཚོ་ཁག་ཏུ་ཤུགས་ཀྱིས་ངུས་ཤིང་བཙན་གྱིས་འཛུམ་པ་ཡིན། ལོ་མ་སེར་བོ། ངའི་གླུ་དབྱངས་ཀྱི་འགྱུར་ཁུགས་རེ་རེས་ཁྱེད་ལ་རྐང་ལམ་ཕྲ་མོ་རེ་འཐེན་ཡོད། ངའི་སྙན་ངག་གི་ཟབ་སར་ལྡིང་བའང་ཁྱེད་ལ་སེར་ཐིག་བབས་པའི་སྨྲེང་སྐྱོ་རེ་རེ་ཡིན། ལོ་མ་སེར་བོ།

          ལོ་མ་སེར་བོ། ང་དང་གླུ་བ་རེ་རེས། ཁྱེད་ཀྱི་དགུན་གཞུང་གི་གྲང་ངར་ཐོལ་གྱིས་གཤགས་ཤིང་ཤིག་ཤིག་ལྡེམ་པའི་ལྗང་ལོར་རེ་ཞིང་སྒུག་ཡོད་དོ།།

རྩོམ་སྒྲིག་པ།  ཚེ་པེ།