ཧུང་ཡོན་གྱིས་ཆུང་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས3པ་འཚོགས།

རྩོམ་པ་པོ།   དུས་ཚོད།   2019-07-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  (གསར་འགོད་པ་ཚེ་རིང་ལྷ་མོ།)  ཉེ་ཆར། ཧུང་ཡོན་རྫོང་གི་ཆུང་འབྲིང་སློབ་མའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་རྫོང་བཅའ་སྡོད་བོད་ཡིག་སློབ་འབྲིང་དུ་གཟབ་རྒྱས་ངང་སྤེལ་འགོ་ཚུགས་ཤིང་། འཛད་མཐའ་མེད་པའི་ལང་ཚོ་ཡི་ཟིལ་ཤུགས་དང་། དཔག་ཏུ་མེད་པའི་མཐུན་སྒྲིལ་གྱི་སྟོབས་ཤུགས་ལས་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་གི་སྤུས་ཚད་སློབ་གསོའི་གྲུབ་འབྲས་ལེགས་པོ་དེ་མིག་གི་དགའ་སྟོན་དུ་བཤམས་ཡོང་ལ། དགེ་སློབ་གང་མང་ཞིག་གི་མཐུན་སྒྲིལ་ཡར་བརྩོན་དང་འབད་པ་ལྷུར་ལེན་གྱི་སྙིང་སྟོབས་ཀྱང་གཟུགས་ཅན་བཞིན་དུ་མིག་ལམ་དུ་འཁོར་འོང་། 

         རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སུ། ལུས་རྩལ་འགུལ་སྤྱོད་བྱས་པ་ན།། ལུས་པོ་བདེ་ཞིང་ཐང་པར་འགྱུར།། ལུས་པོར་བདེ་ཐང་འབྱུང་བ་ནི།། བདེ་སྐྱིད་ཀུན་གྱི་རྩ་བ་ཡིན།། ཞེས་པ་བརྗོད་བྱ་གཙོ་བོར་བཟུང་སྟེ་ཉིན་4ཡི་རིང་ལ་བྱ་འགུལ་སྤེལ་རྒྱུ་རེད། ལུས་རྩལ་འགྲན་ཚོགས་འདིར་ཞུགས་མཁན་ལ་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་གི་ཚོགས་པ་16ཡོད་པ་དང་། རུ་ཁག་དེ་དག་དམའ་རིམ་དང་། མཐོ་རིམ། དམའ་འབྲིང་དང་། མཐོ་འབྲིང་བཅས་ཚོ་ཆུང་བཞི་རུ་བགོས་ཏེ། ཐག་མཆོང་དང་། ལེ་ཆིའུ་སྤོ་ལོ། ཙོག་སྡོད་རྒྱང་མཆོང་། རྒྱུག་མཐུད་བང་རྩལ་འགྲན་བསྡུར། མཐོ་མཆོང་སོགས་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་མང་པོའི་ལམ་ནས་རྩལ་འགྲན་བྱེད་དགོས་པ་རེད།



         འགོ་ཚུགས་མཛད་སྒོ་རུ། སྣེ་ལེན་རུ་ཁག་དང་། དར་སྲུང་རུ་ཁག སློབ་གྲྭ་སོ་སོའི་ལུས་རྩལ་བའི་འཐུས་ཚབ་རུ་ཁག གཞན་ཤན་འབྱེད་པའི་འཐུས་ཚབ་རུ་ཁག་བཅས་རིམ་པ་བཞིན་དུ་ཚོགས་རར་འཛུལ་བྱུང་། ཁོ་ཚོའི་རུ་ཕྲེང་གྲལ་འགྲིག་ཅིང་། གོམ་སྟབས་བརྟན་ཞིང་བརླིང་པས། སྤྲོ་སྣང་དང་གསོན་ཤུགས་ཀྱིས་རྣམ་པར་བརྒྱན་འདུག་ལ། ཁོ་ཚོའི་ཁ་འབོད་གསལ་ཞིང་རྣམ་རིག་གྲུང་ལ། ལྡེམ་མྱུར་ཆེ་ཞིང་གཞོན་ཤ་དོད་པའི་གོམ་འགྲོས་ཀྱིས་དགེ་སློབ་མང་པོའི་འདུ་ཤེས་ཀྱི་གཏིང་ལ་ཟུག་པའི་བརྩོན་སེམས་དང་མཐུན་སྒྲིལ་གྱི་སྙིང་སྟོབས་མཐའ་དག་ལྷག་ལུས་མེད་པར་མཚོན་འདུག

        དེའི་རྗེས་སུ། ལུས་རྩལ་བའི་འཐུས་ཚབ་པ་དང་ཤན་འབྱེད་པའི་འཐུས་ཚབ་མི་སྣས་དམ་བཅའ་སྒྲོག་འདོན་བྱས་ཏེ། བདེ་འཇགས་དང་དཔལ་ཡོན་གྱིས་འགྲན་བསྡུར་ལ་ཞུགས་ནས། གྲུབ་འབྲས་དང་ཁྱད་ཆོས་ལྡན་པའི་འགྲན་བསྡུར་བྱེད་པའི་ཆོད་སེམས་བསྒྲགས།

        འགྲན་བསྡུར་གྱི་ཡུལ་དངོས་སུ། དགའ་འབོད་དང་ཀི་སྒྲ། དགོད་སྒྲ་བཅས་ནི་མཚོ་ཆེན་པོའི་རྦ་རླབས་བཞིན་དུ་རེས་འཇགས་རེས་ལངས་ངང་ནམ་ཡང་མཚམས་ཆད་མི་ཤེས་པ་ལྟར་དུ་གནས་ཤིང་། རྐང་རྒྱུག་དང་མཐོ་མཆོང་། རྒྱང་མཆོང་བཅས་ཀྱི་འགྲན་བསྡུར་རྣམ་གྲངས་ནི་གཅིག་ལས་གཅིག་ལྷག་གིས་ཛ་དྲག་ཆེ་ཞིང་ཀུན་གྱི་དང་བ་འདྲེན། འགྲན་ཞུགས་ལུས་རྩལ་བ་ཡོངས་ཀྱིས་འབད་པ་ཤ་ཐང་དུ་བགྱིས་ཤིང་། ཐུན་མོང་གི་གཟི་བརྗིད་ཀྱི་སླད་དུ་རང་ལུས་ཀྱི་ངལ་བ་ལ་མ་འཛེམས་པར་རྔུལ་ཆུ་ཕངས་མེད་དུ་བཏོན་པས། འགྲན་བསྡུར་གྱི་གཟི་དཔལ་མངོན་བྱུང་ལ། མཛའ་བརྩེ་དང་པོ་འགྲན་བསྡུར་གཉིས་པ། དྲང་གཞག་འགྲན་བསྡུར་བཅས་ཀྱི་ཁྱད་ཆོས་ཀྱང་གསལ་བར་མངོན་བྱུང་།

རྩོམ་སྒྲིག་པ།  ཚེ་པེ།