འཛམ་ཐང་རྫོང་གི་སྐབས་དྲུག་པའི་སློབ་མའི་སྒྱུ་རྩལ་དུས་སྟོན།

རྩོམ་པ་པོ།   དུས་ཚོད།   2019-07-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              རྔ་བའི་གསར་འགྱུར་དྲ་བའི་འཕྲིན།(གསར་འགོད་པ་ཚུལ་ཁྲིམས་རྡོ་རྗེ།)   ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་ཡང་དག་འོང་ཆེད་དུ། དུས་རབས་ཀྱི་འགྲོས་དང་མཐུན་ལ། སློབ་གྲྭའི་ཁྱད་ཆོས་ལྡན་པ་དང་། སློབ་མ་དག་གི་རྩལ་རིག་ཀྱང་མངོན་པའི་སྒྱུ་རྩལ་གྱི་བྱེད་སྒོ་རིམ་བཞིན་སྤེལ་མགོ་ཚུགས་ཤིང་། དེར་སློབ་གྲྭ་ཆུང་འབྲིང་དག་གི་སློབ་མ་ཚོས་འཚོ་བར་བཅངས་པའི་བརྩེ་བ་དང་། སྒྱུ་རྩལ་ལ་བཅངས་པའི་དགའ་བ། དྲིན་གཟོ་དང་འབད་པ་ཆེ་བའི་སྙིང་སྟོབས་དང་། སློབ་སྦྱོང་ལ་བརྩོན་པ། གསར་གཏོད་ཕོད་པའི་ཉམས་འགྱུར་མངོན་པར་དོད་འདུག

             ཟླ་7ཚེས་7ཉིན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་70སོང་བ་དང་། འཛམ་ཐང་རྫོང་གི་སྐབས་དྲུག་པའི་སློབ་མའི་སྒྱུ་རྩལ་དུས་སྟོན་དངོས་སུ་སྲིད་གཞུང་ཐང་ཆེན་དུ་མགོ་བརྩམས། སློབ་མ་དག་གི་ཉམས་འགྱུར་ཡག་ལ། སྙན་པའི་གདངས་ཀྱི་སྐད་ངག་ཡག

            རྒྱུས་ལོན་བྱས་པ་ལྟར་ན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་70འཁོར་བར་རྟེན་འབྲེལ་ཞུ་བར་ཕྱོགས་ཏེ། འཛམ་ཐང་རྫོང་གིས་ཛམ་བྷ་ལའི་དུས་སྟོན་ལ་བརྟེན་ནས་མུ་འབྲེལ་རང་བཞིན་གྱི་རིག་གནས་ལྗོངས་སྐོར་གྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། དོན་དངོས་དང་། གཞི་གྲངས། འདྲ་པར། བརྙན་ཐུང་སོགས་བཀོལ་ཏེ། ལོ་ངོ་70སོང་བའི་རིང་འཛམ་ཐང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་གྲུབ་འབྲས་དང་། ཏང་དང་རྒྱལ་ཁབ་ཀྱི་བོད་ཁུལ་ལ་བཅངས་པའི་ཐུགས་ཁུར་མཚོན་པར་བྱེད་པ་དང་། ཛམ་བྷ་ལའི་ཡུལ་ཁམས་ཀྱི་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཀུན་གྱི་མིག་ལམ་དུ་འགྲེམ་རྒྱུ་རེད། ཐེངས་འདིའི་སློབ་མ་ཚོའི་རིག་རྩལ་སྤྲོ་ཚོགས་ནི་མུ་འབྲེལ་རིག་རྩལ་སྤྲོ་ཚོགས་ཀྱི་ཐོག་མའི་བརྩམས་ཆོས་ཡིན།

           ཐེངས་འདིའི་སློབ་མའི་སྒྱུ་རྩལ་དུས་སྟོན་དུ་འགྲན་སྡུར་ལ་ཞུགས་པའི་འཁྲབ་སྟོན་གྱི་རྣམ་གྲངས་ལ་སྒྱུ་རྩལ་འཁྲབ་སྟོན་གྱི་རིགས་དང་། སྒྱུ་རྩལ་ལས་སྒྲུབ་ཁང་གི་རིགས། སྒྱུ་རྩལ་བརྩམས་ཆོས་ཀྱི་རིགས། དེ་མིན་ཡིག་གཟུགས། ལག་ཤེས་བརྩམས་ཆོས་སོགས་འདུས་ཡོད། 

          ཐེངས་འདིའི་སློབ་མའི་སྒྱུ་རྩལ་དུས་སྟོན་དུ། རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་15དང་། དེ་མིན་བྱིས་གཉོར་ཁང་གི་སློབ་མ་སོགས་འགྲན་བསྡུར་དུ་ཞུགས་ཡོད་དེ། ཁྱོན་མི་1000ལྷག་འགོ་ཚུགས་ཀྱི་མཛད་སྒོར་ཞུགས། 

          འགོ་ཚུགས་པའི་མཛད་སྒོར་《མེས་རྒྱལ་གླུ་ཡིས་བསྟོད་པ》དང་།《 ང་རང་འཛམ་ཐང་ལ་དགའ། 》《རང་གི་ཕ་ཡུལ་དུང་།》དང་《 མེ་ཏོག་གི་ར་བ་ལྟ་བུའི་སློབ་གྲྭ་དང་། མེ་ཏོག་ལྟ་བུའི་སློབ་མ།》བཅས་ལེ་ཚན་ཆེན་མོ་གསུམ་དང་། ལེ་ཚན་གཙོ་བོ་བརྒྱད་འདུག་ལ། དུས་ཚོད་2ལྷག་གི་ཡུན་ལ་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་བྱས་ཤིང་། ལྟད་མོ་བ་ཀུན་གྱི་རྣ་བ་དང་མིག་ལ་བདུད་རྩི་སྟེར་ཞིང་ཡིད་དབང་འཕྲོག་ལ་ཡང་ཡང་མགུ་བར་བྱས།  

           དེ་རིང་དང་སང་ཉིན་གཉིས་པོར། རྫོང་ཡོངས་ཀྱི་སློབ་གྲྭ་15ནས་འོངས་པའི་འཐུས་ཚབ་སློབ་མ་1176གིས་སྒྱུ་རྩལ་དང་། ཞབས་བྲོ། ཡིག་གཟུགས་འབྲི་རྩལ་སོགས་རིགས་ཁག་5ཡི་བྱ་དགའ་92བརྩད་རྒྱུ་ཡིན་ལ། སྒྱུ་རྩལ་གྱི་ཡོན་ཏན་འགྲན་པར་བརྟེན་ཏེ། རིམ་བཞིན་ན་ཆུང་སློབ་མ་དག་ལ་མི་ཚེའི་ལྟ་ཚུལ་ཡང་དག་པ་དང་། རིན་ཐང་གི་ལྟ་བ་ཡང་དག་པ། འཇིག་རྟེན་གྱི་ལྟ་བ་ཡང་དག་པ་ཆགས་པར་བྱས་ནས། མཛེས་པ་རྟོགས་ལ། མཛེས་པ་ཡིད་ཀྱིས་མྱང་ཐུབ་པ་དང་། མཛེས་པ་གསར་གཏོད་ཐུབ་པའི་ནུས་པ་ཆེ་རུ་བཏང་སྟེ། ལུས་སེམས་ཕྱོགས་ཡོངས་ནས་བདེ་ཐང་ངང་འཕེལ་རྒྱས་འོང་བར་སྐུལ་མ་བྱས་འདུག་གོ།།

རྩོམ་སྒྲིག་པ། ཚེ་པེ།