ཞི་ཅིན་ཕིང་རྒྱལ་དོན་འཚམས་འདྲི་གནང་གྲུབ་རྗེས་ཕྱིར་ལོག་གནང་བ།

ཞི་ཅིན་ཕིང་གིས་ཅིའར་ཅི་སི་སི་ཐན་སྤྱི་མཐུན་རྒྱལ་ཁབ་དང་ཐ་ཅི་ཁེ་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་བ་དང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་གི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དགུ་པ་དང་། ཨ་ཤེ་ཡའི་ཕན་ཚུན་རོགས་རེས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཐེངས་ལྔ་པའི་དབུ་ཚོགས་ལ་ཞུགས་གནང་གྲུབ་རྗེས་པེ་ཅིང་དུ་ཕྱིར་ལོག་གནང་བ།

རྩོམ་པ་པོ།   དུས་ཚོད།   2019-06-17   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

                སྤྱི་ཟླ་༦པའི་ཚེས་༡༦ཉིན་གྱི་དགོང་མོ། ཅིའར་ཅི་སི་སི་ཐན་སྤྱི་མཐུན་རྒྱལ་ཁབ་དང་ཐ་ཅི་ཁེ་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་བ་དང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་གི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དགུ་པ་དང་། ཨ་ཤེ་ཡའི་ཕན་ཚུན་རོགས་རེས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཐེངས་ལྔ་པའི་དབུ་ཚོགས་ལ་ཞུགས་གནང་གྲུབ་རྗེས་པེ་ཅིང་དུ་ཕྱིར་ལོག་གནང་ཡོད།

               ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཏིང་ཞུའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན།  ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་ཀྲུའུ་རེན་ཡང་ཅེ་ཁྲེ། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོ་ལི་ཧྥེང་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་ཕེབས་འབྱོར་ཟིན་ཡོད།

           ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༡༦ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ཏུའུ་ཧྲེང་པེ་ནས་ཞལ་གྱེས་ཏེ་རྒྱལ་ནང་དུ་ཕྱིར་ལོག་གནང་ཡོད། ཞལ་གྱེས་སྐབས་ཐ་ཅི་ཁེ་སི་ཐན་གྱི་ཙུང་ཐུང་ལ་ཧེ་མོང་གིས་གནམ་ཐང་དུ་ཕེབས་སྐྱེལ་ལ་བཅར་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་མཛའ་བརྩེའི་ངང་ཞལ་གྱེས་ཞུས་ཡོད།

          ཞི་ཅིན་ཕིང་གིས། ཙུང་ཐུང་ལ་ཧེ་མོང་དང་ཐ་ཅི་ཁེ་སི་ཐན་ཕྱོགས་ཀྱི་སྤྲོ་སེམས་འཁོལ་པོས་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ཐ་ཅི་ཁེ་སི་ཐན་ཕྱོགས་ཀྱིས་ཨ་ཤེ་ཡའི་ཕན་ཚུན་རོགས་རེས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཀྱི་དབུ་ཚོགས་ལེགས་གྲུབ་ལྡན་པའི་ངང་གཉེར་བར་བཀྲིས་བདེ་ལེགས་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ཐ་ཅི་ཁེ་སི་ཐན་དུ་འཚམས་འདྲི་ཞུ་རིང་དགའ་སྤྲོ་ཆེན་པོ་བྱུང་། ལྷག་པར་དུ་ང་རང་དང་ཙུང་ཐུང་སྐུ་ཞབས་རྣམ་གཉིས་ནས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གྲོས་གཞི་མང་པོར་དགོངས་འཆར་བརྗེ་རེས་གཏིང་ཟབ་ཞུས་པར་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་ཡོད། ཀྲུང་གོ་དང་ཐ་ཅི་ཁེ་སི་ཐན་གྱི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཉམ་ལས་ལ་གྲུབ་འབྲས་ཡག་པོ་ཐོབ་ཟིན་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་སྐས་རིམ་གསར་པར་སླེབས་ནས།  རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་བསྐྲུན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

        ལ་ཧེ་མོང་གིས། ཞི་ཅིན་ཕིང་ནས་ཐ་ཅི་ཁེ་སི་ཐན་ལ་འཚམས་འདྲི་ཐུགས་གྲ་ལེགས་འགྲིག་བྱུང་བར་བཀྲིས་བདེ་ལེགས་ཞུ་རྒྱུ་དང་། ཞི་ཅིན་ཕིང་དང་ཀྲུང་གོས་ཨ་ཤེ་ཡའི་ཕན་ཚུན་རོགས་རེས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཀྱི་དབུ་ཚོགས་ཐད་ལེགས་སྐྱེས་ཕུལ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། ལ་ཧེ་མོང་གིས། ཐ་ཅི་ཁེ་སི་ཐན་མི་དམངས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལ་མཛའ་གྲོགས་ཟབ་མོ་བཅངས་པ་དང་། ཐ་ཅི་ཁེ་སི་ཐན་དང་ཀྲུང་གོའི་འབྲེལ་བར་གཅེས་འཛིན་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་ནས་ཐ་ཅི་ཁེ་སི་ཐན་ལ་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་ཐ་ཅི་ཁེ་སི་ཐན་ལ་འཚམས་འདྲི་གནང་བར་གྲུབ་འབྲས་ཡག་པོ་ཐོབ་པ་དང་དོན་སྙིང་གལ་ཆེན་ལྡན་ཡོད། ཐ་ཅི་ཁེ་སི་ཐན་ཕྱོགས་ནས་དེ་གོ་སྐབས་སུ་བརྩིས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

རྩོམ་སྒྲིག་པ། ཚེ་པེ།