རྫོང་འགག་ཕུན་ཚོགས་རྫོང་གི་རོལ་རྩེད་གླིང་ག་སྒོ་ཕྱེས་སོང་།

རྩོམ་པ་པོ།   ཀོ་དོ་མཁན་པོ།དུས་ཚོད།   2019-05-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             རྒྱལ་མོ་ཚ་བ་རོང་གི་ཡུལ་དབུས་སུ། ། འབར་ཁམས་རྫོང་འགག་ཅེས་པའི་གནས་མཆོག་འདི། ། རྩི་ཤིང་ནགས་ཚལ་རི་ཆུས་མཐའ་ནས་བསྐོར། ། བོད་མི་དམག་དཔོན་ཁོ་འཕན་ཁོང་ཚང་གིས། ། ཕུན་ཚོགས་རྫོང་ཞེས་མཁར་རྫོང་གསར་བ་བཞེངས། 

            དུས་རབས་བརྒྱད་པའི་ནང་དུ་དམག་དཔོན་ཁོ་འཕན་གྱིས་རྫོང་འགག་ས་གནས་ཀྱི་སྲིད་དབང་བཟུང་ནས་ཕུན་ཚོགས་རྫོང་བཞེངས་མགོ་བཟུང་བ་རེད། དེ་ནས་ཉེ་འགྲམ་གྱི་ཡུལ་ཕྱོགས་སོ་སོར་རྫོང་མཁར་བཞེངས་རྒྱུ་མགོ་བཟུང་ཞིང་རིམ་གྱིས་ཁྱད་ཆོས་ལྡན་པའི་མཁར་རྫོང་ཟུར་བཞི་དང་ཟུར་དྲུག ཟུར་བརྒྱད་སོགས་དབྱིབས་གཟུགས་དང་མཐོ་དམའ་མི་འདྲ་བ་མང་བོ་དར་བ་རེད།

            2014ལོ་ནས་འབར་ཁམས་གྲོང་ཁྱེར་གྱིས་སྒོར་ཁྲི་3000ལྷག་བཏང་ནས་རྫོང་འགག་ཕུན་ཚོགས་རྫོང་གཙོ་བོར་བྱས་ཏེ་ལྗོངས་སྐོར་ས་ཁུལ་རྣམ་གྲངས་གསར་གཏོད་བྱེད་མགོ་བཟུང་། ལྗོངས་སྐོར་ས་ཁུལ་གྱི་རྣམ་གྲངས་རྒྱ་ཁྱོན་མུའུ་500ལྷག་ཡོད། ལྗོངས་ཁུལ་དུ་གསོལ་ཇ་ཁང་དང་ཉལ་ཁང་། ཆང་རག་ཁང་། རོལ་རྩེད་གླིང་ག རིག་གནས་ཐང་སོགས་ཕྱི་ནང་ཀུན་དུ་རྒྱལ་རོང་ཡུལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་འདུག 

           ཟླ་5པའི་ཚེས་1ཉིན་ནས་ཡུལ་ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་ལྷན་རྒྱས་ཀྱིས་རྒྱལ་རོང་ཡུལ་གྱི་ཡུལ་སྲོལ་གོམས་གཤིས་དང་འཚོ་བ་ཆ་ལུགས་སོགས་མྱོང་རོལ་བྱེད་པར་སྣེ་ལེན་དང་བསུ་མ་ཞུ་བ་ལགས།

རྩོམ་སྒྲིག་པ། ཚེ་པེ།