རི་བོང་གིས་སྟག་བཏུལ་བ།

རྩོམ་པ་པོ།   དུས་ཚོད།   2019-05-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

རི་བོང་གིས་སྟག་བཏུལ་བའི་གཏམ་རྒྱུད་བསྡུས་པ།

      སྔོན་ཞིག་ལ། སྟག་ཅིག་དང་རི་བོང་ཞིག་བྲག་དམར་ལུང་བར་མཉམ་དུ་གནས་ཤིང་། རི་བོང་གིས་དུས་རྒྱུན་དུ་སྟག་ལ་བརྩི་བཀུར་བྱས་ཀྱང་། ཁྲེལ་མེད་ངའོ་སྙམ་པའི་སྟག་དེ་ང་རྒྱལ་ཆེ་བས་དུས་རྒྱུན་དུ་རི་བོང་ལ་ཡང་ཡང་བརྙས་ཤིང་གཙེས་པ་ན། རི་བོང་བཟོད་གླགས་བྲལ་བས། རང་ཉིད་སྲུང་ཆེད་ཐབས་ཤིག་མི་འཚོལ་ཁ་མེད་བྱུང་།

      ཉིན་ཞིག་རི་བོང་གིས་ཐབས་ཤིག་རྙེད་ནས། ཨ་བོ་སྟག ཉིན་གུང། ངེད་གཉིས་ཕ་གའི་བྲག་དམར་རྩེ་ནས་འདུག་ཟེར་བ་ན། སྟག་གིས་ཀྱང་མོས་པའི་བརྡ་བསྟན།

      རི་བོང་གིས་ཨ་བོ་སྟག་ཁྱོད་ཀྱིས་འབུད་ཤིང་ཐུས་དང་། ངས་མེ་འབུད་ཅེས་བཤད།  

      དེ་ནས་རི་བོང་གིས་མེ་ལྕེ་དགུང་ལ་འཕྱུར་བ་ཞིག་སྦར་ནས། ཨ་བོ་སྟག ཕྱིར་ནུར། ཕྱིར་ནུར། ཕྱིར་ནུར། གྱ་ཁ་ཡག་ལ་མེ་ཤོར་ཐལ། མེ་ཤོར་ཐལ་ཞེས་པ་ན་སྟག་མཐའ་ཁ་ལ་ཅུང་ཙམ་ནུར་བ་རེད།

      ཡང་རི་བོང་གིས་སྟག་གི་གམ་དུ་མེ་བྲུས་ཏེ། ཨ་བོ་སྟག་ཕྱིར་ནུར། ཕྱིར་ནུར། རྔ་མ་ཡག་ལ་མེ་ཤོར་ཐལ། མེ་ཤོར་ཐལ་ཞེས་པ་ན། སྟག་ཡང་མཐའ་ཁ་ལ་ཅུང་ཙམ་ནུར།

      དེ་ནས་ཡང་རི་བོང་གིས་སྟག་གི་གམ་དུ་མེ་བྲུས་ཏེ། ཨ་བོ་སྟག་ཕྱིར་ནུར། ཕྱིར་ནུར། ཁ་སྤུ་ཡག་ལ་མེ་ཤོར་ཐལ། མེ་ཤོར་ཐལ་ཞེས་པ་ན། སྟག་ཧ་ཅང་ཁྲོས་ནས་ཤེད་ཀྱིས་ཕྱི་ནུར་ཅིག་བྱས་ཚེ། དེ་མ་ཐག་བྲག་དམར་རྩེ་ནས་ལྷུང་སོང་།

      རི་བོང་དགའ་ནས་བྲག་ཁ་ལ་སོང་སྟེ་བྲག་ནང་ལ་བལྟས་ཚེ། སྟག་གིས་བྲག་བར་གྱི་ཤིང་གི་ཡལ་ག་ཞིག་ལ་སོ་བཏབ་ནས་བསྡད་ཡོད་པ་མཐོང་།

      རི་བོང་གིས་ཨ་བོ་སྟག  ཁྱོད་ཕ་བཟང་གི་བུ་ཡིན་ན་ཨ་ཨ་ཞེས་དང་ཕ་ངན་གྱི་བུ་ཡིན་ན་ཨུམ་ཨུམ་ཞེས་ལན་ཐོབས་ཞེས་འབོད་སྐད་བཏང་།

      སྟག་གིས་ཁོ་རང་ཕ་བཟང་གི་བུ་ཡིན་བསམ་ནས་ཨ་ཞེས་ངག་ནས་ཤོར་བ་དང་མཉམ་དུ་བྲག་འདབ་ལ་ལྷུང་སྟེ་ཀླད་ཞོའང་དཀར་སོབ་བེ་བྲག་སྟེང་དུ་འཐོར་སོང་ངོ་།།

གཏམ་རྒྱུད་འདི་ཡི་བསྟན་དོན།

རང་ལུས་སྟོབས་དང་ལྡན་ན་ཡང་། །

ཉམ་ཆུང་རྣམས་ལ་བརྙས་མི་བྱ། །

རི་བོང་ལུས་སྟོབས་ཆུང་ན་ཡང་། །

ཨ་བོ་སྟག་རྒན་བསད་ལ་ལྟོས། །


རྩོམ་སྒྲིག་པ།  ཚེ་པེ།