ཁྱོད་ཚོས་ཀུ་རེ་མ་རྩེད་ཅིག

རྩོམ་པ་པོ།   མེ་ལི་མེ་ཡིས་བརྩམས།ཆོས་རྒྱས་སྒྲོལ་མས་བསྒྱུར།དུས་ཚོད།   2019-04-26   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             ཁཱ་ལུའོ·ཕཱ་ལི་ཡཱ་ཁུ་ནུའོ་ཡིས་དུས་རྒྱུན་ཇག་པའི་འཕྲོག་བཅོམ་བྱེད་དུས་ལྟར་གདོང་གབ་ཅིང་། མེ་མདའ་བཟུང་ནས་གསོལ་ཁང་ཞིག་ཏུ་འཛུལ། གསོལ་ཁང་ནང་མགྲོན་པོའི་ཁེངས་འདུག་ཅིང་། ཚང་མ་ཕྱུག་པོ་ཤ་སྟག་ཡིན་ལ་དགའ་དགའ་སྤྲོ་སྤྲོའི་ངང་བསྡད་ཡོད་ཅིང་། གཟབ་འཆོར་སྤྲས་པ་གཅིག་ལས་གཅིག་ལྷག་པར་འདུག ཁོ་ཚོ་ཉེན་ཁར་མི་འཛེམ་ལ་འཐབ་རྩོད་ལ་མི་དགའ་ཞིང་། ལྷག་པར་ལག་ཏུ་མཚོན་ཆ་ཅི་ཡང་མེད་པས་དངོས་གནས་འཕྲོག་བཅོམ་བྱེད་ཡུལ་ཡག་ཤོས་དེ་རེད།

ཁཱ་ལུའོ·ཕཱ་ལི་ཡཱ་ཁུ་ནུའོ་ཡིས་མེ་མདའ་བླངས་ཏེ་ཁང་སྒོར་རྡོག་ཐོས་བརྒྱབ་ནས་ཕར་ཕྱེས་ཤིང་།

           “ལག་པ་ཡར་ཁྱོགས།”

             མེ་ལི་མེ་ཡིས་བརྩམས།ཆོས་རྒྱས་སྒྲོལ་མས་བསྒྱུར།

             ཁོས་སྐད་གདངས་ལ་ངར་ཤེད་མི་ལྡན་ཞིང་འབྲུག་སྒྲ་ལྟ་བུའི་དྲག་ཤུགས་ཀྱང་མེད་པས་མི་རྣམས་ཀྱིས་ཇག་དཔོན་ཞིག་ཏུ་རློམ་མི་སྲིད། ཁོས་སྐད་གདངས་དམའ་ལ་འཇམ་ཞིང་། གསོན་ཉམས་ཀྱིས་སྟོང་བས་མི་འགའ་རེའི་མ་གཏོགས་ཐོས་ཀྱིན་མེད། རོལ་ཚོགས་ཀྱིས་མུ་མཐུད་དུ་མི་གསུམ་པ་ཞེས་པའི་སུན་སྣང་སྟེར་ཞིང་སྐད་ཤུགས་དྲག་པོ་འདོན་ཐབས་བྲལ་བའི་སྐྱུག་བྲོའི་གཞས་ཏེ་གཏོང་གིན་འདུག་ལ། ཞབས་ཕྱི་བ་ཚོས་ཟས་ཅོག་བརྒྱུད་ནས་སྡེར་མ་སྡུད་པ་དང་ཟས་སྐྱེལ་བ། གསོལ་དེམ་གྱི་ཁ་ལེན་པ་སོགས་ལ་བྲེལ་གྱིན་འདུག་ཅིང་གདོང་འཛུམ་གྱིས་ཁེངས་འདུག གསོལ་ཁང་སྤྱི་གཉེར་བའི་མགོ་སྒུར་གཉའ་ཞུམ་གྱིས་གསར་དུ་སླེབས་པའི་མགྲོན་པོ་རྣམས་བསུ་བཞིན་འདུག་ལ། ཁཱ་ལུའོ·ཕཱ་ལི་ཡཱ་ཁུ་ནུའོ་ཡིས་གདོང་ཁེབས་འོག་གི་ངོ་གདོང་དམར་བོར་གྱུར་བ་ཚོར།

             ཁོས་བསམ་པར། ཅི་འདྲའི་ཡ་མཚར་བ་ལ། ཁོ་ཚོའི་ང་ལ་ཁ་ཡ་མི་བྱེད་པ་ཡིན་ནམ། བླུན་པོ་འདི་དག་གིས་ངའི་ལག་གི་མེ་མདའ་མཐོང་གི་མེད་པ་ཡིན་ནམ། དེ་བས། ཁོས་བསྐྱར་དུ་སྐད་གསེང་མཐོན་པོས་“ལག་པ་ཡར་ཁྱོགས་”ཞེས་བཤད།

             མི་འགས་གཞི་ནས་མིག་ཟུང་ཝེ་ཡེ་ལུའོ་ལི་བྲང་ངོས་ནས་ཚུར་ཁཱ་ལུའོ·ཕཱ་ལི་ཡཱ་ཁུ་ནུའོ་ཡི་ཕྱོགས་སུ་འཁོར་བྱུང་།

             མི་འགའ་རེའི“ཇི་འདྲའི་ཇག་པ་ཉམས་ཅན་ཞིག ངོ་མ་གསར་རྒོད་ཅིག་རེད”ཅེས་བཤད།

             ཁཱ་ལུའོ·ཕཱ་ལི་ཡཱ་ཁུ་ནུའོ་ཡིས་རང་གི་སེམས་ཁམས་རྒྱུན་ལྡན་མིན་པ་ཚོར་ཞིང་། ཁོང་ཁྲོ་དང་འཇིགས་སྣང་མཉམ་དུ་སྐྱེས།

             ལག་པ་ཡར་ཁྱོགས། ངས་བཤད་ཟིན་པ་མིན་ནམ། ཁྱོད་ཚོས་ང་རང་ཇག་པ་ཞིག་ཡིན་པ་མ་ཚོར་རམ། འདི་ནི་འཕྲོག་བཅོམ་པ་བྱེད་པ་ཡིན་པ་ད་དུང་མི་ཚོར་རམ། ད་དུང་ལག་པ་ཡར་མི་འགྱོག་ཚེ་ངས་བོའུ་འཕེན་རྒྱུ་ཡིན།

             ཅོག་ཙེ་ཞིག་གི་གམ་ནས་ཧབ་ཆ་ཆེན་པོ་ཞིག་མཆེད་འོང་ལ། “ཅི་འདྲའི་དགོད་སློང་བའི་མི་ཞིག ཨ་རོག ཇག་པ ང་ཚོ་དང་མཉམ་དུ་ཆང་མཆོད་ཡ། ཞབས་ཞུ་བ། ཞབས་ཞུ་བ། སྐུ་ཞབས་འདིར་ཆང་ཞང་པེན(香槟)གཅིག་ཁྱེར་ཤོག”

             ཁཱ་ལུའོ·ཕཱ་ལི་ཡཱ་ཁུ་ནུའོ་ཡིས་རྐང་རྡེབ་ཅིག་བྱས་ཏེ། “ཉོན་ཞིག ང་ལ་དགོད་ཁ་སློང་གི་མ་འདུག ལག་པ་ཡར་ཁྱོགས།”

             སྐུ་ཞབས་དེས་ཡང་བསྐྱར་ཧབ་ཆ་ཆེན་པོ་ཞིག་བརྒྱབ་ཅིང་། སྐད་མགོ་མཐོ་དྲག་པས་སྲང་ཤུར་འགའི་བར་ཆོད་ས་ཞིག་ནས་ཀྱང་ཐོས་ཐུབ་པ་འདྲ། “ད་ཆོག་གི། གསར་བུ། ལྷོད་ལ་བོབས་དང་། ཚུགས་ཀ་འདི་འདྲ་ཞིག་སྟོན་དགོས་དོན་མེད།”“འཁྲལ་ལེ་འཁྲུལ་ལེ་ཅི་ཞིག་བཤད་ཀི་ཡོད། ཁྱོད་ཚོས་ཤེས་སམ། ང་རང་འཕྲོག་བཅོམ་བྱེད་དུ་འོང་བ་ཡིན། ངའི་ལག་ཏུ་མེ་མདའ་བཟུང་ཡོད་ནའང་། ཁྱོད་སྐྲག་ནས་སྒོར་ཁུག་དང་རྒྱན་ཆ་དག་ཅོག་ཙེའི་སྟེང་འཇོག་རྒྱུ་ཕར་ཞོག ད་དུང་ཧབ་ཆེན་པོས་དགོད་ཀྱིན་ང་རང་རྩེད་ཆས་སུ་བཞག་འདུག སྐུ་ཞབས་ཁྱོད་ཀྱིས་དོན་དག་འདིར་ནན་ཏན་གྱི་ལྟ་ཚུལ་མི་འཛིན་པར། ད་དུང་དེ་ནས་དགོད་ཁ་སློང་ཨེ་ཐུབ་ལྟ་གི་འདུག་པ་ཡིན་ནམ”

             རོལ་ཚོགས་ཀྱིས《མི་གསུམ་པ།》ཞེས་པ་འཁྲབ་ཚར་ནས་ཡང་བསྐྱར《སུ་ཞིག་གདུག་རྩུབ་ཆེ་བའི་སྤྱང་ཀིར་འཇིགས་སམ།》ཞེས་པ་འཁྲབ་མགོ་རྩོམ་བཞིན་འདུག

             ཁཱ་ལུའོ·ཕཱ་ལི་ཡཱ་ཁུ་ནུའོ་ལ་ཁ་སྐོམ་པའི་ཚོར་བ་ཞིག་བྱུང་ཞིང་། “ལག་པ་ཡར་ཁྱོགས། ཝེ། ལག་པ་ཡར་ཁྱོགས།”ཞེས་བཤད།

           “མི་འགྱོག གསར་བུ། ངས་ལག་པ་ཡར་མི་འགྱོག ང་མི་གཞན་གྱིས་ངའི་དངོས་རྫས་འཕྲོག་པར་མི་དགའ།”དགོད་སྒྲ་དེ་ནི་རི་བོ་གཅིག་ནས་གཞན་ཞིག་ཏུ་བརྒལ་བའི་ཆར་ཞོད་ཆེན་པོ་ཞིག་དང་འདྲ་བར་ཅོག་ཙེ་གཅིག་ནས་གཅིག་བརྒྱུད་དེ་འགྲོ་                  བཞིན་འདུག མགྲོན་པོ་འགའ་ཡར་ལངས་ནས་ཁཱ་ལུའོ·ཕཱ་ལི་ཡཱ་ཁུ་ནུའོ་བསྐོར་ཞིང་། ལག་རྡང་བྱས་ཏེ་བྲོ་འཁྲབ་ཅིང་དེ་ནི་དབྱིན་ཏི་ཨན་མི་འགས་མི་དཀར་ཞིག་བསྐོར་ནས་བྲོ་འཁྲབ་པ་དང་མཚུངས།

             ཁཱ་ལུའོ·ཕཱ་ལི་ཡཱ་ཁུ་ནུའོ་ཡིས་ནུས་ཤུགས་ཡོད་དགུས་རྣམ་རིག་ལྡན་པར་བྱས་ཏེ། “བཟང་གི། བྱང་མ་ཡིན་མིན་རྒྱུགས་ན་ཤེས་ནི་རེད། ཁྱོད་ཚོས་དོན་ངོ་མར་ལག་པ་ཡར་འགྱོག་གམ་མི་འགྱོག”ཅེས་དྲིས་པ་ན།

             ཚང་མ་བགད་དེ་གཡས་འགྱེལ་གཡོན་ལོག་བྱས་ཤིང་། ལྕམ་མོ་འགས་ཇག་པ་འདི་དངོས་གནས་ཟོག་འདྲ་བ་ཞིག་རེད་ཅེས་པའི་སྐད་ཀྱང་གོ་རྒྱུ་འདུག་ལ། ཁོའི་མཐའ་འཁོར་དུ་བྲོ་འཁྲབ་མཁན་ཡང་ཇེ་མང་དུ་འགྲོ་བཞིན་འདུག

             ཁོས་ཅི་བྱ་གཏོལ་མེད་ངང་བཤད་རྒྱུར། “དེ་ན་ཆོག་གི ཤང་པེན་དམ་བེ་དེ་ང་ལ་བྱིན་དང་། ཁ་སྐོམ་ནས་ཤི་ཐ།” གདངས་དབྱངས་ཀྱི་ངོས་སུ་དྲོད་འཇམ་གྱི་ཆ་ཞིག་ཀྱང་འདུག

             ཟ་ཁང་ནང་གི་མགྲོན་པོ་རྣམས་ཆང་གིས་ར་རོ་བར་གྱུར་ཅིང་། གར་སྟབས་འཁྱུག་པོས་ད་སོ་མ་གློ་བུར་བྱུང་བའི་འཁྲབ་སྟོན་དེས་ཡིད་ཚིམ་ནས་འདུག་ཅིང་། མི་འགའ་རེས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ནང་སེམས་སུ་ཧ་ཅང་རྒྱུས་མངའ་ཡོད་མདོག་གིས། “ཟ་ཁང་འདིའི་སྦྱིན་བདག་ནི་སྤྲུལ་བསྒྱུར་ལྟ་བུ་ཞིག་ཡིན་ཞིང་། ཁོ་བསམ་པ་དང་ཨ་ན་མ་ན་རེད།”ཟེར།

             ཁཱ་ལུའོ·ཕཱ་ལི་ཡཱ་ཁུ་ནུའོ་སྐུབ་སྟེགས་སྟེང་བསྡད་དེ། ཤང་པེན་དམ་བེ་དེ་ཧུབ་ཐེངས་གཅིག་གིས་འཐུང་ཞིང་། ཁོས་མདུན་གྱི་ཅོག་ཙེའི་སྟེང་གི་རྫ་བུམ་དང་ཆང་ཤེལ། རླུང་གཡབ་དང་དེ་དག་གི་རྩར་ཡོད་པའི་མེ་མདའ་བཅས་ཀྱིས་མཉམ་དུ་གཡོ་ལ་བརྟན་པའི་རི་མོ་ཡག་པོ་ཞིག་གྲུབ།

             ཉེན་རྟོགས་པ་ནང་དུ་འཛུལ་ཞིང་། ཁཱ་ལུའོ·ཕཱ་ལི་ཡཱ་ཁུ་ནུའོ་ལ་ལག་ལྕགས་བརྒྱབ་ཅིང་། ཉེན་རྟོག་པ་གཉིས་ཀྱིས་ཁོས་གཉའ་བ་ནས་མནན་ཏེ་ཟ་ཁང་ནས་སྒོར་འབུད་དུས། ཁཱ་ལུའོ·ཕཱ་ལི་ཡཱ་ཁུ་ནུའོ་ཡི་གསལ་ལ་མི་གསལ་བའི་ཞུ་བའི་མིག་མདངས་སུ་ཁྱོད་ཚོས་ཀུ་རེ་མ་རྩེད་ཅིག་ཅེས་པ་ཤར་འདུག།

རྩོམ་སྒྲིག་པ། ཚེ་པ།ེ