མི་གསོད་གྱོད་གཞི་དེའི་རྩད་ཆོད་འདུག

རྩོམ་པ་པོ།   དུས་ཚོད།   2019-04-23   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               རྔ་བ་རྫོང་སྤྱི་བདེ་ཅུས་ཀྱིས་ཉིན་བསྟུན་མར་དཀའ་བ་སྤྱད་དེ་མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད། མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་ཡོད་པའི་4.16གླ་གཏོང་རླངས་འཁོར་འཕྲོག་བཅོམ་བྱས་པའི་མི་གསོད་གྱོད་གཞིའི་རྩད་ཆོད་པ་དང་། གཅིག་རྗེས་གཉིས་མཐུད་དུ་ཉེས་ཅན་ལག་དམར་གསུམ་འཛིན་བཟུང་བྱེད་ཐུབ་ཡོད་འདུག

              2019ལོའི་ཟླ་4ཚེས་16ཉིན་གྱི་སྔ་དྲོར། རྔ་བ་རྫོང་སྤྱི་བདེ་ཅུས་ལ་ཨ་འདུས་ཡུལ་ཚོའི་ཆུ་མཛོད་ཅིག་གི་འགྲམ་དུ་སྐྱེས་པའི་བེམ་པོ་ཞིག་འདུག་པའི་བརྡ་འབྱོར་ཞིང་། མི་དམངས་ཉེན་རྟོག་པ་མྱུལ་མོར་ས་གནས་དེར་བསྐྱོད་དེ་བེམ་པོར་ཞིབ་བཤེར་དང་དོན་རྐྱེན་བྱུང་ཡུལ་ལ་རྩད་ཞིབ་བྱས་པ་དང་། རྫོང་སྤྱི་བདེ་ཅུས་ཀྱི་ཏང་ཨུས་བཀའ་རྒྱ་བཏང་སྟེ་4.16ཆེད་དོན་གྱོད་གཞི་ཚོ་ཆུང་བཙུགས་ཤིང་། ཐབས་བརྒྱ་ཇུས་སྟོང་དང་ནུས་ཤུགས་ཡོད་རྒུས་མྱུལ་ཞིབ་བྱས་ཏེ་མགྱོགས་པོར་གྱོད་གཞི་དེའི་མཇུག་སྒྲིལ་དགོས་དང་།  གྱོད་གཞི་དེས་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་ངན་པ་དེ་སེལ་དགོས་པའི་རེ་བ་བཏོན། ཆེད་དོན་གྱོད་གཞི་ཚོ་ཆུང་ཕྱོགས་ཁག་བཞི་རུ་དབྱེས་ནས་གནོད་འཚེ་ཕོག་མཁན་གྱི་སྤྱི་ཚོགས་འབྲེལ་བ་དང་དོན་རྐྱེན་གྱི་འབྱུང་གནས།  དོན་རྐྱེན་གྱི་སྔ་གཞུག་སོགས་ལ་བརྟག་དཔྱད་སོགས་ལས་ཀ་འབོར་ཆེན་བྱས་པ་བརྒྱུད་དེ། སྐྱེས་པ་གསུམ་ལ་དོགས་གཞི་ཆེན་པོ་ཡོད་པ་གཏན་འཁེལ་བྱས་པ་དང་འཕྲལ་མར་འཛིན་བཟུང་བྱེད་པའི་ལས་སུ་ཞུགས།

                         དོགས་ཡོད་ཉེས་ཅན་མི་སྣ།

            མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དང་ཆིག་སྒྲིལ་རྫོང་། གཅའ་རུ་བ། ཁོག་པོ་སོགས་སུ་དཀའ་བ་ཁྱད་དུ་བསད་ནས་མྱུལ་ཞིབ་བྱས་ཤིང་། ཁུལ་སྤྱི་བདེ་ཅུས་དང་ཆིག་སྒྲིལ་རྫོང་སྤྱི་བདེ་ལས་ཁུངས་གཉིས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག  ཚེས་17ཉིན་གྱི་ཕྱི་དྲོའི་དུས་ཚོད་18ཡས་མས་སུ་ཆིག་སྒྲིལ་རྫོང་ནས་རྟ་རྒྱུགས་ལ་འགྲོ་གྲབས་ཡོད་པའི་དོགས་གཞི་ཅན་གཅིག་འཛིན་བཟུང་བྱས་པ་དང་། མི་དམངས་ཉེན་རྟོག་པས་མུ་མཐུད་དུ་འབད་བརྩོན་བྱས་པ་བརྒྱུད། ཚེས་18ཉིན་གྱི་དགུང་མོར་རྐང་ཐང་དུ་ལེ་བར་10ལྷག་ཏུ་བསྐྱོད་དེ། རླངས་འཁོར་ཡང་ཐར་ཐབས་མེད་པའི་འབྲོག་ས་ཞིག་ནས་དོགས་གཞི་ཅན་གཞན་ཞིག་འཛིན་བཟུང་བྱས།  དོགས་གཞི་ཅན་དེ་གཉིས་འཛིན་བཟུང་བྱས་རྗེས། ཚགས་དམ་པའི་འཛིན་བཟུང་གི་གནོན་ཤུགས་འོག་གཞན་དེས་ཚེས་21ཉོན་གྱི་སྔ་དྲོར་རྔ་བ་རྫོང་སྤྱི་བདེ་ཅུས་རུ་མགོ་བཏགས་འདུག་པས་ཉེས་ཅན་ལག་དམར་གསུམ་དེ་གཅིག་ཀྱང་མ་ལུས་པར་འཛིན་བཟུང་བྱས་པ་དང་4.16མི་གསོད་གྱོད་གཞི་དེའི་རྩད་བདེ་བླག་ངང་ཆོད་འདུག

རྩོམ་སྒྲིག་པ། ཚེ་པེ།