མཛོད་དགེའི་བཞག་ལྡོམ་དུ་རིན་མེད་སྨན་བཅོས་བྱེད་སྒོ་སྤེལ།

རྩོམ་པ་པོ།   དུས་ཚོད།   2019-04-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             རྔ་བའི་གསར་འགྱུར་དྲ་བའི་འཕྲིན། (གསར་འགོད་པ། ཚེ་རིང་ལྷ་མོ།) ཏེ་དབྱང་གྲོང་ཁྱེར་གྱི་མཛོད་དགེ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་བཞག་ལྡོམ་གྲོང་རྡལ་དུ་རིན་མེད་སྤྱི་ཕན་གྱི་སྨན་བཅོས་བྱེད་སྒོ་སྤེལ། 

             རིན་མེད་སྨན་བཅོས་ཀྱི་ཡུལ་དངོས་སུ། ཏེ་དབྱང་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་དང་། ཏེ་དབྱང་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་གཉིས་བ་དང་བཞི་བ། ལྔ་བ། ཀྲུང་ཅང་རྫོང་མི་དམངས་སྨན་ཁང་། ལུའོ་ཅང་ཆུས་མི་དམངས་སྨན་ཁང་སོགས་ཀྱི་སྨན་བཅོས་ཆེད་མཁས་པ་15ཡིས་བརྟག་དཔྱད་དུ་ཡོང་བའི་མང་ཚོགས་ལ་ནན་ཏན་གྱིས་ལུས་ཕུང་བརྟག་དཔྱད་བྱས་པར་མ་ཟད། སྨན་བཅོས་བྱེད་ཐབས་མཁོ་འདོན་གནང་ཞིང་། མང་ཚོགས་ཀྱིས་བཏོན་པའི་གསོ་རིག་ཤེས་བྱ་དང་། བདེ་སྲུང་ཤེས་བྱའི་སྐོར་གྱི་དོགས་གནད་ལ་རིམ་པ་བཞིན་གསལ་འགྲེལ་བྱས།

             ཐེངས་འདིའི་རིན་མེད་སྤྱི་ཕན་གྱི་སྨན་བཅོས་བྱེད་སྒོ་རུ། བསྡོམས་པས་མང་ཚོགས་400ལྷག་ལ་བརྟག་དཔྱད་སྨན་བཅོས་བྱས་ཤིང་། དྲིལ་བསྒྲགས་རྒྱུ་ཆ་ཚར་500ལྷག་འགྲེམ་གཏོང་བྱས་པར་མ་ཟད། ཏེ་དབྱང་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་གིས་བཞག་ལྡོམ་ཡུལ་གྱི་མི་དམངས་མང་ཚོགས་རྣམས་ལ་སྒོར་10000ལྷག་གི་སྨན་རྫས་རིན་མི་དགོས་པར་སྤྲད།

             རྒྱུས་ལོན་པ་ལྟར་ན། སྨན་བཅོས་རུ་ཁག་གིས་མུ་མཐུད་དུ་རྫོང་མི་དམངས་སྨན་ཁང་དང་རྫོང་གི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས། ཡུལ་ཚོ་དང་གྲོང་རྡལ་རེ་རེ་སོགས་ནས་རིན་མེད་སྤྱི་ཕན་གྱི་སྨན་བཅོས་བྱེད་སྒོ་སྤེལ་རྒྱུ་རེད། ཐེངས་འདིའི་རིན་མེད་སྨན་བཅོས་བྱེད་སྒོས་སྤྱི་ཚོགས་ཀྱི་དྲོད་ཁོལ་དང་བརྩེ་སེམས་བརྒྱུད་སྤྲོད་དང་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་ལ་སྐུལ་འདེད་བཏང་བ་ལས། གཞན་ད་དུང་བོད་ཁུལ་མང་ཚོགས་རྣམས་ཀྱི་ལུས་ཁམས་གནས་ཚུལ་ལ་སྤྱིའི་ཆ་ནས་རྒྱུས་ལོན་བྱས་ཏེ། ཐེངས་རྗེས་མའི་སྨན་བཅོས་རོགས་སྐྱོར་ལ་རྨང་གཞི་ལེགས་པོ་བསྐྲུན་པར་མ་ཟད། ཕྱོགས་ཡོངས་ནས་མཛོད་དགེ་རྫོང་གི་མང་ཚོགས་རྣམས་ཀྱི་བདེ་ཐང་གི་འདུ་ཤེས་ཇེ་མཐོ་རུ་བཏང་།

རྩོམ་སྒྲིག་པ། ཚེ་པེ།