དབྱིན་ཇིའི་བཙན་འཛུལ་དམག་ལ་འཐབ་སྐབས་ཚེ་སྲོག་བློས་བཏང་བའི་རྒྱལ་རོང་གི་དཔའ་བོ་བཞི།

རྩོམ་པ་པོ།   རྡོ་རྗེ་དཔལ།དུས་ཚོད།   2019-04-03   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

   

           དཔྱིད་རླུང་འཇམ་པོ་དལ་བུར་ལྡང་བཞིན། སྦྲང་ཆར་སིལ་མ་ལྷོད་ཀྱིས་འབབ་བཞིན། ང་ཚོའི་བདེ་སྐྱིད་ཀྱི་འཚོ་བར་བརླན་བཤེར་བསྩལ་ཞིང་གསོན་ཤུགས་རྒྱས་དུས། དགའ་བའི་ཀི་སྒྲ་སྒྲོག་པ་དང་སྐྱིད་པའི་གླུ་ཆུང་དབྱངས་སུ་འགུག་ཆོག

           ཡིན་ནའང་། བདེ་སྐྱིད་ཟེར་བ། རང་བྱུང་ལྷུན་གྱིས་གྲུབ་པ་ཞིག་མིན་ལ།  གནམ་ལས་བབས་ཤིང་ས་ནས་སྐྱེས་པ་ཞིག་ཀྱང་མིན། བདེ་སྐྱིད་ཟེར་བའི་རྒྱབ་རོལ་ན། མི་བུ་གང་མང་ཞིག་གི་དཀའ་ཚེགས་ཀྱི་རྔུལ་ཆུ་ཆུ་བཞུར་བཞུར་བྱས་ཡོད་ལ། མི་བུ་གང་མང་ཞིག་གིས་ཚེ་སྲོག་ཕྲ་མོ་འབེན་ལ་བཞག་ནས་རིན་ཆེན་མི་ལུས་ཀྱི་མཆོད་པ་མང་དུ་ཕུལ་ཡོད།

           མི་རེ་རེའི་སེམས་ལ་འགྲན་ཟླ་བྲལ་བའི་དཔའ་བོ་རེ་ཡོད་ལ། དེ་ཡི་གཏམ་རྒྱུད་ཀྱང་གསོན་ཉམས་ལྡན་པར་འཆད་ཐུབ། དུར་མཆོད་ཉིན་མོ་བསླེབ་ཁར། ང་ཚོས་མེས་རྒྱལ་དང་ཁྱིམ་གཞིས། བདེ་སྐྱིད་ཀྱི་ཆེད་དུ་ཚེ་སྲོག་བློས་བཏང་བའི་དཔའ་བོ་རྣམས་ལ་རྗེས་དྲན་དང་གུས་འདུད་ཞུ་འོས།

           དེ་རིང་། ངས་ཤར་རྒྱལ་མོ་ཚ་བ་རོང་ནས་སྐྱེས་པའི་དཔའ་བོ་དུ་མས་མེས་རྒྱལ་གྱི་ས་ཁོངས་སྲུང་བ་དང་། ཕྱི་འོང་གི་བཙན་འཛུལ་བ་རྒྱང་དུ་སྐྲོད་པར་རང་སྲོག་བློས་བཏང་བའི་དཔའ་བོའི་གཏམ་རྒྱུད་འགའ་རེ་འཆད་རྒྱུ་ཡིན། དེ་དག་ནི་རྒྱལ་ནག་ཨ་གཤེན་དང་ཨ་བཟང་། ཁ་ཁི་ལི། བསོད་ནམས་གཡུང་དྲུང་བཅས་ཀྱི་གཏམ་རྒྱུད་ཡིན།

          དཔའ་བོ་དེ་དག་གི་ངོ་སྤྲོད་བསྡུས་པ།

         རྒྱལ་ནག་ཨ་གཤེན། དེབ་ལ་ལར་ཨ་གཤེན་ཞེས་མིང་བསྡུས་པར་བྲིས་ཡོད། སྔོན་ཆད་བཙན་ལྷ་ཡི་དམག་དཔོན་གཞོན་པ་དང་བརྒྱད་ཟུར་མཁར་གྱི་སྲུང་དཔོན་གྱི་འགན་ཁུར་བ་དང་། ༡༨༤༡ལོའི་ཟླ༣པའི་ཚེས༡༠ཉིན་ཉིང་པའོ་ཡི་དམག་འཁྲུག་ཁྲོད་རང་སྲོག་བློས་བཏང་བ་རེད། ཁོང་ལ་བྱས་རྗེས་ཆེ་བས་ཤར་ལྷོ་མཚོ་རྒྱུད་ཀྱི་བྱས་རྗེས་ཅན་གྱི་བློན་ཆེན་གྱི་མཚན་སྙན་དང་དཔའ་ཐུལ་གྱི་མཚན་རྟགས་བསྩལ་ཡོད། 

        ཨ་བཟང་། ཨ་བཟང་ནི་ཆུ་ཆེན་གྱི་རྒྱལ་རྒྱུད་ཅིག་ཡིན། ༡༨༤༡ལོར་དབྱིན་ཇིའི་བཙན་རྒྱལ་རིང་ལུགས་པས་དམག་དཔུང་མངགས་ནས་ཀྲི་ཅང་ཉིང་པའོ་བཙན་བཟུང་བྱས། ཆིང་སྲིད་གཞུང་གི་བཀས་བཀོད་ལྟར། ཨ་བཟང་གིས་ཆུ་ཆེན་གྱི་ཡུལ་དམག་འཁྲིད་ནས་ཀྲི་ཅང་གི་གཡུལ་སར་སོང་ནས་དབྱིན་ཇིའི་དམག་ལ་དམར་འཛིང་བྱས། ༡༨༤༡ལོའི་ཟླ༣པའི་ཚེས༡༠ཉིན་གྱི་ཉིང་པའོ་དམག་འཁྲུག་ལས་རང་སྲོག་བློས་བཏང་བ་རེད།

        ཁ་ཁི་ལི། ལ་ལར་ཁལ་དགེ་ལེགས་ཞེས་ཀྱང་བྲིས་ཡོད། མདོ་གླིང་རྒྱལ་པོའི་ཉེ་འབྲེལ་ཞིག་ཡིན། ཁོས་ཀྲིན་ཧའེ་མཁར་བྱང་གི་རི་བོ་ཀྲའོ་པའོ་ལ་དཔུང་འཇུག་བྱེད་པའི་དམག་འཁྲུག་ཏུ་བོད་དམག་བརྒྱ་ཕྲག་འགའ་འཁྲིད་ནས་སྔོན་སྐྱོད་པ་བྱས་ཤིང་། དབྱིན་ཇིའི་དམག་ལ་དམར་འཛིང་དྲག་པོ་བྱས་ཏེ་དབྱིན་དམག་ལ་ཤི་རྨས་ཚབས་ཆེན་བཟོས་ཤིང་། ཚི་ཞི་རྫོང་མཁར་སྲུང་སྐྱོང་བྱས། ཡིན་ནའང་ཁོ་དང་དཔོན་དམག་ཚང་མས་རང་སྲོག་བློས་བཏང་བ་རེད། དེར་བརྟེན། ཁལ་དགེ་ལེགས་ཀྱིས་བྱས་རྗེས་ཆེན་པོ་བཞག་ཡོད་པས། ཆིང་གོང་མ་ཏའོ་ཀོང་གིས་སི་ཁྲོན་སྤྱི་ཁྱབ་ལྟ་སྐུལ་བ་པའོ་ཞིན་གྱིས་ཁལ་དགེ་ལེགས་ཀྱི་གོ་གནས་མེད་པར་བཟོ་བའི་སྐོར་གྱི་ཡར་ཞུ་དང་དུ་མ་བླངས་པར་ཕྱིར་སྤྲད་པ་རེད།

        བསོད་ནམས་གཡུང་དྲུང་། བསོད་ནམས་གཡུང་དྲུང་ནི་ཝུན་ཁྲོན་མདོ་གླིང་དུ་སྐྱེས། མདོ་གླིང་རྒྱལ་པོའི་ཉེ་འབྲེལ་ཞིག་ཡིན། ༡༨༤༢ལོའི་ཟླ༣པའི་ཟླ་དཀྱིལ་དུ། བསོད་ནམས་གཡུང་དྲུང་གིས་བོད་ཀྱི་དཔོན་དམག་ཁྲིད་ནས། ཉིང་པའོ་ཚི་ཞི་ཕྱིར་ལེན་པའི་དམག་འཁྲུག་ཁྲོད། ཐབས་བཀོད་ལ་མཁས་ཤིང་སྙིང་སྟོབས་ཆེན་པོའི་སྒོས་ས་དབྱིབས་ཀྱི་དགེ་ཆ་བེད་སྤྱད་ནས། དབྱིན་དམག༡༠༠ལྷག་བསད་པ་དང་འཛིན་བཟུང་བྱས་པ་རེད།


         གཤམ་དུ་གོང་གི་སྔོན་གཤེགས་དཔའ་པོ་དེ་དག་གི་རང་སྲོག་བློས་བཏང་བའི་དཔའ་བོའི་གཏམ་རྒྱུད་ཅུང་ཙམ་གླེང་བར་བྱ།  

         རྒྱལ་ནག་ཨ་གཤེན་དང་ཨ་བཟང་གི་གཏམ་རྒྱུད།  

         ཆིང་རྒྱལ་རབས་ཏེ༡༨༤༠ལོའི་ཟླ་དྲུག་པར། དབྱིན་ཇིའི་བཙན་འཛུལ་དམག་གིས་ཉལ་ཐ་དམག་འཁྲུག་བསླངས། དམག་འཁྲུག་བྱུང་ནས་ཅང་མ་འགོར་བར། དབྱིན་ཇིའི་དམག་གིས་ཀྲུའུ་ཧྲན་དང་ཉིང་པའོ། ཏེན་ཧའེ་སོགས་བཙན་བཟུང་བྱས། དེའི་རྗེས་སུ་ཝུའུ་སུང་བཟུང་ཞིང་ནན་ཅིན་མཁར་ལ་ཉེ་བར་བཅར། ཆིང་རྒྱལ་རབས་ཀྱི་ལྷོ་བྱང་འགྲིམ་འགྲུལ་རྩ་ལམ་སྟེ་ནན་ཅིན་དང་ཧང་ཀྲོའུ་བར་གྱི་ལམ་རྒྱུད་གཅོད་པའི་ཉེན་ཁར་འཕྲད་སྐབས། ཆིང་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་ཡུལ་ཁག་སོ་སོའི་དམག་བསྡུས་ཏེ་འཐབ་གྲབས་བྱས། ༡༨༤༡ལོའི་ཟླ༡པོའི་ཚེས༢༧ཉིན། ཆིང་རྒྱལ་རབས་ཀྱི་གོང་མ་ཏའོ་ཀོང་གིས་དབྱིན་ཇིའི་དམག་ལ་དཔུང་འཇུག་གི་བཀའ་ཡིག་དངོས་སུ་བསྒྲགས། ཀོང་ཏུང་དང་ཀྲི་ཅང་ནས་དབྱིན་ཇིའི་དམག་གི་ཚང་རྩ་བ་ནས་བསློག་ཐག་བཅད། དེའི་རྗེས་སུ། གོང་མའི་བཀའ་ལྟར་ཧུའུ་པའེ་དང་སི་ཁྲོན་སོགས་ཞིང་ཆེན་དྲུག་ནས་དམག་མི་བསྡུས་ནས་མཚོ་རྒྱུད་དུ་སོང་། ༡༨༤༡ལོའི་ཟླ༡༠པར། ཆིང་སྲིད་གཞུང་གིས་པའོ་ཞིན་ལ་སི་ཁྲོན་གྱི་ཡུལ་དམག་སྟོང་གཉིས་བདམས་ནས་ཀྲི་ཅང་དམག་སྒར་དུ་བསྐྱོད་པའི་བཀའ་ཕབ། ༡༨༤༡ལོའི་ཟླ༡༢པར། ཡང་སི་ཁྲོན་དང་ཅང་ཞི། ཧུའུ་པའེ་སོགས་ཞིང་ཆེན་གྱི་དམག་དཔུང་ནས་དམག་མི་བསྡུས་ནས་དབྱིན་འགོག་དམག་འཁྲུག་གི་ཡུལ་དངོས་སུ་སོང་། དེའི་ཁྲོན་སི་ཁྲོན་གྱི་ཟུང་ཆུ་དང་ཅན་ཁྲང་གྲོང་རྡལ་གཉིས་ཀྱི་དམག་མི་དང་ཡུལ་དམག་སྟོང་གཉིས་ཡོད། དེའི་ཁྲོད་ཆུ་ཆེན་དང་བཙན་ལྷ། ཚ་ཁོ། མདོ་གླིང་སོགས་ཀྱི་རྒྱལ་རོང་གི་ཡུལ་དམག་ཡོད་ལ། དེ་ལས་དམག་རུ་འཁྲིད་པའི་དམག་དཔོན་ནི་བཙན་ལྷ་ཡི་ཨ་གཤེན་དང་ཆུ་ཆེན་གྱི་ཨ་བཟང་། མདོ་གླིང་གི་ཁ་ཁི་ལི་སོགས་ཡིན། དུས་ཡུན་ཟླ༣རིང་ལ་དམག་ཏུ་བསྐྱོད་རྗེས། ༡༨༤༢ལོའི་ཟླ༢པར་ཀྲི་ཅང་དུ་འབྱོར་ཅིང་། གོང་མའི་ཚ་བུ་ཉན་ཅིན་ལ་ཀྲི་ཅང་གི་དམག་དོན་འགན་ཁུར་བའི་བཀའ་བསྩལ་རྗེས། ༡༨༤༢ལོར་དམག་མི༡༣༠༠༠བསྡུས་ནས་ཉིང་པའོ་དང་ཀྲིན་ཧའེ་ལ་ཕས་རྒོལ་བྱས། ཉན་ཅིན་གྱིས་ཧང་ཀྲོའུ་ནུབ་མཚོའི་གོང་མའི་དགོན་པ་ནས་གསོལ་བ་བཏབ་ནས་མོ་ཡིག་ལེན་དུས། ངོས་སུ་སྟག་མགོ་མི་ལ་མ་བོས་ན། རང་ཁྱིམ་བདེ་འཇགས་སུ་ཡིས་སྲུངས་ཞེས་བྲིས་འདུག ཁོང་ཉིད་ཀྱིས་ཅི་ཡིན་འདི་ཡིན་མ་ཤེས་པར་བསམ་གཞིག་གི་ཀློང་དུ་ལྷུང་། ཉིན་གསུམ་གྱི་རྗེས་སུ། ཨ་གཤེན་དང་ཨ་བཟང་གིས་སྟག་ལྤགས་ཞྭ་མོ་གོན་པའི་བོད་དམག་རྣམས་ཁྲིད་ནས་ཐོན་དུས། ཁོ་ལ་དེ་མ་ཐག་ཏུ་རྟོགས་པ་སད་བྱུང་། དེ་ནས་ཉན་ཅིན་གྱིས་སྟག་ལྤགས་ཞྭ་མོ་གོན་པའི་བོད་དམག་གིས་དམག་དཔུང་ལ་སྣེ་ཁྲིད་ནས་དམག་འཁྲུག་བྱས་ན། ཆིང་དམག་གཡུལ་ལས་རྣམ་པར་རྒྱལ་པར་འདོད་ཡོད། ཆིང་རྒྱལ་རབས་ཀྱི་ཏའོ་ཀོང་གི་ལོ་ཉེར་གཉིས་པ་སྟེ་སྤྱི་ལོ༡༨༤༢ལོའི་ཟླ༣པའི་ཚེས༡༠ཉིན་གྱི་དུས་ཚོད༤སྟེ། ཉན་ཅིན་གྱིས་བདམས་པའི་ལོ་བཟང་ཟླ་བཟང་ཉིན་བཟང་དུས་བཟང་ཞིག་ཡིན་པས། ཉིང་པའོ་ཕྱིར་ལེན་པའི་དམག་འཁྲུག་གི་མགོ་བརྩམས་པ་རེད། ཐེངས་འདིའི་དམག་འཁྲུག་ཁྲོད། བཙན་ལྷ་བརྒྱད་ཟུར་མཁར་གྱི་སྲུང་དཔོན་ཨ་གཤེན་དང་རྒྱལ་རོང་ཆུ་ཆེན་གྱི་ཨ་བཟང་གིས་བོད་དམག༤༠༠ཙམ་འཁྲིད་ནས། ཉིང་པའོ་ཡི་མཁར་ནུབ་ཀྱི་སྒོ་ཆེན་ཕྱོགས་ལ་དཔུང་འཇུག་གི་སྔོན་སྐྱོད་པ་བྱས། དམག་འཁྲུག་མགོ་རྩོམ་དུས། བོད་དམག་རྣམས་ཀྱིས་ཕམ་པ་ལས་འཆི་བ་དགའ་ཞེས་བའི་དམ་བཅའ་བཞག ཆིང་དམག་གིས་དམག་འཁྲུག་སྔོན་གྱི་གསང་བ་སྲུང་མ་ཐུབ་པས། དབྱིན་ཇིའི་དམག་གིས་ཆིང་དམག་གིས་དཔུང་འཇུག་གི་དུས་ཚོད་གསལ་བོར་ཤེས་ཡོད། མཁར་ནང་དུ་སྔ་མོ་ནས་སྦས་ཡོད། ཨ་གཤེན་སོགས་ཀྱིས་མཁར་སྒོ་ཕྱེས་ནས་ཡོད་པར་དོགས་པ་ཟོས་ནས་འགྲོ་མཚམས་བཞག་པ་དང་། ཏོན་ཡུང་ཧྥུ་ལ་ཡར་ཞུ་བྱས། ཁོས་སྣང་མེད་དུ་བཞག་ནས་དམག་རུ་མཁར་ནང་དུ་འཛུལ་དགོས་པའི་བཀའ་ཕབ། དེ་ནས་བོད་དམག་རྣམས་ཀྱིས་ལག་གཡོན་པར་ཕུབ་དང་ལག་གཡས་པར་གྲི་བཟུང་བ། ཕྲག་ཁར་སྨྱུག་སྒྲོན་བཀར་ནས། རྒྱ་སྟག་ངར་མོ་རི་ལས་བབས་པ་ལྟར་ཉིང་པའོ་མཁར་སྒོར་འཛུལ་ནས་བརྒྱུགས། ཐད་ཀར་དབྱིན་ཇའི་དམག་དཔུང་སྦ་སར་འབྱོར་བས་འགད་རྫས་དང་སྒྱོགས་སོགས་ཀྱིས་རྒོལ་ལན་སྤྲད་པས། བོད་དམག་ལ་ལག་ཆ་ཕུབ་དང་གྲི་ཙམ་ལས་མེད་པས་དགྲ་བོར་ཉེ་བར་གཅར་མ་ཐུབ། ཐེངས་འདིའི་དམག་འཁྲུག་ཁྲོད་བོད་དམག་ཕྱེད་ཙམ་གྱིས་གཡུལ་ས་ནས་རང་སྲོག་བློས་བཏང་བ་རེད། དེའི་རྗེས་སུ། དབྱིན་ཇིའི་དམག་དཔོན་ཞིག་གིས་ཟིན་བྲིས་སུ་བོད་དམག་དག་གི་རོ་ནི་ཕྱོགས་བཞི་རུ་མཐོན་པོར་བརྩིགས་ཡོད། བཤད་རྒྱུན་ལྟར་ན་ཕམ་པ་ལས་འཆི་བ་དགའ་ཞེས་པའི་དམ་བཅའ་བཞག་ཡོད་ལ། དེ་དག་གི་ཞྭ་མགོ་ནི་སྟག་ལྤགས་ཀྱིས་བཟོས་པ་རེད་ཅེས་བྲིས་ཡོད།

       ཁ་ཁི་ལིའི་གཏམ་རྒྱུད།

       ཉིང་པའོ་ལ་དཔུང་འཇུག་གི་དམག་འཁྲུག་བྱུང་དུས། ཁ་ཁི་ལིས་བོད་ཀྱི་དམག་རུ་འཁྲིད་ནས་ཀྲིན་ཧའེ་ཉེ་འགྲམ་དུ་ཐོན། ཆིང་དམག་གི་དམག་དཔོན་ཀྲུའུ་ཀའེ་ཡི་སྔོན་སྐྱོད་དམག་དཔུང་བྱས་ཤིང་། ལས་འགན་ནི་རི་བོ་ཀྲའོ་པའོ་ཡི་འགག་སྒོ་ཡི་ཝའེ་ཡོན་མཁར་ལེན་རྒྱུ་དེ་ཡིན། ཁ་ཁི་ལིས་སྔུན་བླངས་ཤིང་བོད་དམག་རྣམས་གཡང་གཟར་སྐས་རིམ་རེ་རེར་འཛེགས་ཤིང་། རི་བོ་ཀྲའོ་པའོ་ཡི་ཝའེ་ཡོན་མཁར་གྱི་ཕྱོགས་སུ་སྤྲེལ་ལྟར་བརྒྱུགས། དབྱིན་ཇི་དམག་གིས་མེ་མདའ་ཐོག་ཆར་འབབ་པ་ལྟར་འཕངས་ཀྱང་ཝའེ་ཡོན་མཁར་དུ་འཛུལ། རི་མགོའི་དབྱིན་ཇིའི་དམག་གིས་མེ་སྒྱོགས་འཕངས་ཀྱང་བོད་དམག་རྨས་མ་ཐུབ་པས་འཇིགས་སྐུལ་ཅི་ཡང་མ་ཐེབས། དབྱིན་ཇིའི་དམག་གིས་རྒོལ་ལན་སྤྲོད་མི་ཐུབ་པར་ཕྱོགས་བཞིར་འབྲོ་རྩིས་བྱེད་དུས། ཅང་ཀྲུང་དུ་བསྡད་ཡོད་པའི་དབྱིན་ཇིའི་མཚོ་དམག་གིས་རྒྱབ་ཕྱོགས་ནས་བོད་དམག་ལ་ཕས་རྒོལ་བྱས། བོད་དམག་གི་སྟོབས་ཤུགས་མི་ཉམས་ཆེད་ཚི་ཞི་ཏ་པའོ་རི་བོའི་ཕྱོགས་སུ་བྲོས་ནས་ཡིབ། ཟླ༣པའི་ཚེས༡༥ཉིན། དབྱིན་ཇིའི་དམག་གིས་དམག་མི༢༠༠༠དམག་ལ་ཆས་ཏེ། བོད་དམག་དང་ཆིང་དམག༥༠༠ལྷག་མཐའ་ནས་བསྐོར། དུས་ཚོད༡༠ལྷག་ལ་དམག་འཁྲུག་བྱས་ཤིང་། བོད་དམག་ཇི་ལྟར་འཐབ་ན་དེ་ལྟར་དཔའ་ངར་རྒྱས་ཤིང་། སྙིང་སྟོབས་མི་ཉམས་པར་དགྲ་བོའི་གདོང་ལ་མཆོངས། དེ་ལྟར་ཡུན་རིང་དུ་འཐབ་པ་ན་དབྱིན་ཇིའི་དམག་གི་ཤི་རོས་རི་ལུང་གང་ནས་རྨས་སྐྱོན་ཚབས་ཆེན་བྱུང་ཡོད། ཚི་ཞི་རྫོང་མཁར་སྲུང་སྐྱོབ་ཐུབ་མོད། ཁ་ཁི་ལིའི་དཔོན་དམག་ཀུན་གྱིས་རང་སྲོག་བློས་བཏང་བ་རེད། དམག་འཁྲུག་མཇུག་བསྒྲིལ་རྗེས། དབྱིན་ཇི་བས་ཀྲུང་གོར་ཐོན་པ་ནས་བཟུང་ད་ཐེངས་ནི་ཤི་རྨས་ཆེས་ཚབས་ཆེ་བའི་འཐབ་འཁྲུག་ཅིག་ཡིན་ཞེས་བྲིས་ཡོད།

       བསོད་ནམས་གཡུང་དྲུང་གི་གཏམ་རྒྱུད།

       ཚི་ཞི་ཕྱིར་ལེན་པའི་དམག་འཁྲུག་ཁྲོད། མདོ་གླིང་རྒྱལ་པོའི་རུས་རྒྱུད་བསོད་ནམས་གཡུང་དྲུང་གིས་ཁྲིད་པའི་བོད་དམག་ཡོད། དཔའ་ངར་ཆེན་པོས་དམག་འཁྲུག་བྱས་ཏེ། དབྱིན་ཇིའི་དམག་མི༡༠༠ལྷག་བསད་པ་དང་འཛིན་བཟུང་བྱས་ཡོད་ལ། དབྱིན་ཇིའི་བཙན་འཛུལ་དམག་ལ་ཤི་རྨས་ཚབས་ཆེན་ཐེབས་ཡོད།

      དབྱིན་འགོག་གི་གཡུལ་ས་ནས་རང་སྲོག་བློས་བཏང་བའི་བོད་དམག་རྣམས་ཀྱི་བེམ་རོ་རང་ཡུལ་དུ་སྐྱེལ་ན་ལམ་ཐག་ཤིན་ཏུ་རིང་བས། གཡུལ་ས་ནས་གསོན་པོར་གནས་པའི་བོད་དམག་རྣམས་ཀྱིས་རང་སྲོག་ཤོར་བའི་དཔའ་བོ་དག་གི་རལ་བ་བཅད་ཅིང་རང་ཡུལ་དུ་འཁྱེར་ནས། དེང་གི་ཝུན་ཁྲོན་རྫོང་གི་སན་ཅང་གི་ཡུལ་དུ་སྦས། རྗེས་སུ་མི་རྣམས་ཀྱིས་དུར་ས་དེ་ལ་རལ་བའི་དུར་ས་ཞེས་ཀྱང་འབོད།

      གོང་དུ་བརྗོད་པའི་བཙན་འཛུལ་བ་ཕ་མཐར་སྐྲོད་པའི་དམག་འཁྲུག་ལས། རང་སྲོག་ཤོར་བའི་རྒྱལ་རོང་གི་དཔོན་དམག༢༠༠༠ལྷག་ཡོད་ལ། དེའི་ཁྲོད་ཁྱད་དུ་འཕགས་པའི་དམག་དཔོན་བཞི་ཡི་རང་སྲོག་བློས་བཏང་བ་རེད། དེ་ནི་རྒྱལ་ནག་ཨ་གཤེན་དང་ཨ་བཟང་། ཁ་ཁི་ལི། བསོད་ནམས་གཡུང་དྲུང་བཅས་རེད། 

རྩོམ་སྒྲིག་པ། ཚེ་པེ།