ཐེ་བོ་དང་རྒྱལ་རོང་མིའི་མིང་གི་འབྱུང་ཁུངས།

རྩོམ་པ་པོ།   དུས་ཚོད།   2019-04-01   རྩོམ་ཁུངས།    རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ།

             ཐེ་བོའི་ས་ཆ་འདིར་ཡང་ཁྲི་སྲོང་གི་དུས་སུ་ས་མཚམས་སྲུང་བའི་དམག་བཞག་པ་གུང་ཐང་བསྟན་པའི་སྒྲོན་མེའི་རྣམ་ལས་གསུངས།

             མདོ་སྨད་ཆོས་འབྱུང་ལས། དེ་ཡང་ཁྲི་རལ་པ་ཅན་གྱིས་ཙོང་ཁར་དམག་གི་གཟི་བྱིན་བསྐྱེད་པའི་དར་བོ་ཆེ་ཕྱར། དམག་རྩིས་དང་གོ་བཤེར་མཛད་དུས་དར་བ་ཟེར་བས་གཡག་ཆེན་པོ་གཉིས་མཆན་ཁུང་དུ་བཅུག་སྟེ་ས་ལ་མ་རེག་པར་ཁྱེར་བས། ཅེན་དར་བ་གཡག་ཁུར་ཞེས་མིང་ཐོགས་པ་དང་། དམག་སྡེ་ཐམས་ཅད་ལས་དེ་བུད་པས། དེ་བུད་དུ་ཐོགས། རྒྱ་བོད་ཀྱི་ས་མཚམས་གནོན་པའི་དམག་དཔོན་དུ་བསྐོས། ཐེབ་ཇུས་བྲག་དཀར་གཉན་གྱི་ཕོ་བྲང་ལ་བཙན་མཁར་བརྩིགས་ཏེ། མདོ་སྨད་ཀྱི་མི་དཔོན་བྱས། ཞེས་གསུངས་པ་དང་། གུང་ཐང་བསྟན་པའི་སྒྲོན་མེའི་རྣམ་ཐར་ལས། དེ་ཕུད་གཡག་ཁུར་དུ་གྲགས་པ་རྒྱའི་ཁ་གནོན་དུ་བཞག་སྟེ་ཐེབ་ཇུ་བྲག་དཀར་གཉན་གྱི་ཕོ་བྲང་དུ་མཁར་བཟུང་ནས་བསྡད་པའི་ལྷོ་ཕྱོགས་ཐེ་བོ་སྟོད་སྨད་གཉིས་སུ་གྲགས་པ་ལས། ཐེ་བོ་སྟོད་མ་ཞེས་པ་རི་བྲག་གི་ས་ཆར་གནས་ཤིང་། དཔའ་རྩལ་ངོམ་པའི་དུད་ཚང་ཁྲི་ཕྲག་བརྒལ་བའི་ཡུལ་གྲུ་དེ་ལས་འབྲེང་བ་ཞེས་པ་ཆད། ཅེས་གསུངས་པ་ལྟར་རོ།།

             དེས་ན་ཐེ་བོའི་མི་དག་གི་འབྱུང་ཁུངས་དེ་འདྲ་ཡིན་ལ། ཐེ་བོ་ཞེས་པའི་མིང་ཐོགས་ཚུལ་ཇི་འདྲ་ཡིན་ཞེས་འདྲི་ན། དེ་ནི་འདི་ལྟར་ཐོགས་པ་ཡིན་ཏེ། སྔར་བཤད་པ་ལྟར། དར་བ་གཡག་ཁུར་ནི། དམག་སྡེ་ཐམས་ཅད་ལས་དེ་བུད་པས། དེའི་མིང་ལ་དེ་བུད་དམ་དེ་ཕུད་དུ་ཐོགས། དེའི་དམག་སྡེ་ཆེན་པོ་དེའི་མིང་ལའང་དེ་ཕུད་དུ་གྲགས། དེ་དུས་དང་ད་ལྟའང་དེ་ཕྱོགས་ཀྱི་སྐད་ཀྱི་གདངས་ལ་དེ་དང་ཐེ་གཉིས་སྒྲ་ཤིན་ཏུ་ཉེ་བ་དང་། ཕུད་དང་བུད་དང་པོ་རྣམས་ཀྱང་སྒྲ་ཤིན་ཏུ་ཉེ་བའི་སྟབས་ཀྱིས། ཕྱིས་སུ་བརྡ་འགྱུར་ནས་ཐེ་བོ་ཞེས་འབོད་ཅིང་བྲིས་པ་རེད། འདི་ལ་འཁྱོག་བཤད་སྲིད་ཀྱང་དོན་དངོས་མིང་ཐོགས་ཚུལ་འདི་རེད།

             དཔོན་གྱི་མིང་ཡུལ་སྡེ་ལ་ཐོགས་པའང་མང་སྟེ། དཔེར་ན། རྒྱལ་མོ་ཚ་བ་རོང་དུ་སྡོད་པའི་དམག་སྡེ་ཆེན་པོའི་འགོ་དཔོན་གྱི་མིང་ལ་ཁོ་འཕན་ཟེར་ཞིང་། དེ་ལ་བོད་རྒྱལ་གྱིས་བཀའ་གནང་ཚེ། རྒྱལ་མོ་ཚ་བ་རོང་གི་ཁོ་འཕན་ལ་ཞེས་བཀའ་ཤོག་གནང་བར་བྱེད། ཕྱིས་ཚིག་སྡུད་བྱས་ཏེ། ཚ་རོང་ཁོ་འཕན་ལ་ཞེས་ཆབ་ཤོག་བསྐུར། དེའང་ཚིག་སྡུད་བྱས་ཏེ་ཚ་ཁོ་ལ་ཞེས་ཆབ་ཤོག་བསྐུར་བ་སོགས་ཀྱི་དབང་གིས། ཡུལ་སྡེ་ལའང་ཚ་ཁོ་ཞེས་མིང་ཆགས་ཏེ། དེང་སང་གི་བར་ཚ་ཁོ་ཞེས་འབོད་པ་དེ་ལྟ་བུ་རེད། རྒྱལ་རོང་ཞེས་པ་རྒྱལ་མོ་ཚ་བ་རོང་ཞེས་པའི་མིང་ཚིག་སྡུད་བྱས་པ་རེད། དེའི་སྟབས་ཀྱིས་སྔོན་གྱི་ཆོས་འབྱུང་རྒྱལ་རབས་རྣམ་ཐར་ཚང་མར་རྒྱལ་རོང་ཞེས་རྒྱའི་རྗེས་འཇུག་ལ་ལ་ཡིག་ཡོད་པ་ལས་མེད་པ་གཅིག་ཀྱང་མཐོང་རྒྱུ་མེད། ད་ལྟ་འགའ་ཞིག་གིས་རྒྱལ་རོང་ཞེས་པའི་རྒྱའི་རྗེས་འཇུག་གི་ལ་བཅད་ནས། རྒྱ་རོང་ཞེས་པ་མི་རྒྱ་རིགས་ཡིན་པ་དང་རོང་ཁུལ་ཡིན་པས་དེ་ལྟར་བརྗོད་ཅེས་བརྗོད་མཁན་ཡང་ཡོད། མིང་དེ་ལྟར་ཐོགས་དོན་ནི་ཡུལ་འདིར་རྒྱལ་མོ་དམུ་རྡོ་ཞེས་པའི་གནས་རི་གྲགས་པ་ཅན་ཞིག་ཡོད། རྒྱལ་མོ་རྔུལ་ཆུའི་ཆུ་རྒྱུད་ཀྱི་རི་ཐམས་ཅད་རི་དེའི་རི་རྒྱུད་རེད། རི་དེའི་རི་རྒྱུད་དང་ཆུ་རྒྱུད་ཀྱི་ཚ་བ་ཅུང་ཆེ་བའི་ཡུལ་ཆེན་དེ་ལ་རྒྱལ་མོ་ཚ་བ་རོང་ཟེར།

             བོད་ཡུལ་འདི་ལ་ཚ་བ་རོང་ཟེར་བ་གཉིས་ཡོད་པ་ལས། མདོ་སྨད་ཀྱི་ཚ་བ་རོང་འདི་ལ་རྒྱལ་མོ་ཚ་བ་རོང་ཟེར་ཞིང་། སྟོད་ཀྱི་ཚ་བ་རོང་དེ་ལ་ལྷོ་ཚ་བ་རོང་ཟེར། བཻ་རོ་ཙ་ན་རྒྱང་འཕུད་གཏོང་བའི་ཚ་བ་རོང་ནི་རྒྱལ་མོ་ཚ་བ་རོང་རེད། ཁོང་བཙོན་དུ་འཇུག་མཁན་གྱི་རྒྱལ་པོ་མདོ་བཞེར་ནག་པོའི་རྒྱལ་རྒྱུད་ནི་རྒྱལ་ནག་ལྕགས་མགོན་ཚང་ཟེར་བ་ད་ལྟའང་ཡོད། ཁོང་གིས་ཕྱག་འདེབས་མཛད་པའི་མདོའི་དགོན་པ་ཆུ་འཕོ་ནོར་བུའི་གླིང་ནི་རྫི་འགག་རྒྱལ་སའི་ཐག་ཉེ་ན་ཡོད། སྔགས་ཀྱི་དགོན་པ་བདེ་ཆེན་གླིང་ནི་ཁྲོ་ཆུའི་ཁོག་ན་ཡོད། ཁོང་གི་སྒྲུབ་ཕུག་འབར་ཁམས་ཀྱི་གོང་དུ་སྤྱི་ལེ་བཅུ་ཉག་ཅིག་གི་མཚམས་སུ་ཡོད་ལ་མཇལ་མཁན་ཡང་མང་། དམུ་དགེའི་སྨད་དང་། ཤར་དུང་རི་སོགས་སུ་ཁོང་གི་སྒྲུབ་ཕུག་ཡོད། དེང་སང་རྒྱུས་མེད་རྒྱུས་གཏམ་ལ་དགའ་མཁན་ཅུང་མང་གཤིས། རྒན་པོ་ཁོམ་བར་ཞིག་ལ་ཞར་བྱུང་དུ་འདི་དག་ངོ་སྤྲོད་ཕྲན་བུ་བྱས་སོ།།

རྩོམ་སྒྲིག་པ། ཚེ་པེ།