འཛམ་ཐང་རྫོང་གིས་ཨེ་འགོག་ཤེས་བྱ་དྲིལ་སྒྲོག་གི་བྱ་འགུལ་སྤེལ།

རྩོམ་པ་པོ།   དུས་ཚོད།   2019-03-27   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       རྔ་བའི་གསར་འགྱུར་དྲ་བའི་འཕྲིན། (མགོན་པོ་ཚེ་བརྟན།།)ཉེ་ཆར། འཛམ་ཐང་རྫོང་ནད་རིགས་སྔོན་འགོག་ལྟེ་གནས་ཀྱི་རྒྱབ་སྐྱོར་དང་རམ་འདེགས་འོག བོད་ཁུལ་གྱི་ཨེ་འགོག་རང་འདུན་པ་དང་ཁ་བའི་བུ་མོའི་བདེ་ཐང་མཛུབ་སྟོན་ཞབས་ཞུའི་ལྟེ་གནས་སོགས་ཀྱིས་མཉམ་འབྲེལ་བྱས་ནས་སྐབས་བདུན་པའི་ཨེ་འགོག་བྱེད་སྒོ་ལེ་དབར་ཁྲི་ཕྲག་མ་ཨ་མདོའི་ཕྱོགས་སུ་བསྐྱོད་པ་ཞེས་པ་འཛམ་ཐང་རྫོང་དུ་སྤེལ། སྔ་གཞུག་ཏུ་འཛམ་ཐང་རྫོང་རྐ་མདའ་ཡུལ་ཚོ་དང་རྡོ་སྟོད་ཡུལ་ཚོའི་ཤུགས་འབྱུང་སྡེ་བ་སོགས་ནས་ཨེ་ཙི་འགོས་ནད་སྐོར་གྱི་ཤེས་བྱ་དྲིལ་སྒྲོག་བྱེད་པའི་བྱ་འགུལ་སྤེལ་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་དང་གྲྭ་བཙུན་དག་ལ་ཨེ་ཙི་འགོས་ནད་སྐོར་གྱི་འབྲེལ་ཡོད་ཤེས་བྱ་དྲིལ་སྒྲོག་དང་ཁ་ཚ་དགོས་གཏུག་གི་འཕྲོད་བསྟེན་ཤེས་བྱ་རྒྱུས་ལོན་བྱེད་དུ་བཅུག་པས། རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། འཛམ་ཐང་རྫོང་གི་ཨེ་ཙི་སོགས་འགོས་ནད་རིགས་སྔོན་འགོག་བྱེད་པའི་བྱ་བར་སྐུལ་འདེད་བཏང་བ་རེད། 

        རྒྱུས་ལོན་བྱུང་བ་ལྟར་ན། ཁོ་ཚོའི་དྲིལ་བསྒྲགས་བྱེད་སྟངས་ནི་ས་གནས་གང་ལ་སོང་ན་ཐོག་མར་བོད་ཁུལ་གྱི་མངོན་བུད་ཨེ་ཙིའི་ནད་དུག་ཅན་འཇོ་མདའ་དཔལ་འབྱོར་ལགས་ཀྱིས་རང་གི་དངོས་སུ་བརྒྱུད་པའི་ཨེ་ཙིའི་ནད་འགོས་རྗེས་ཇི་ལྟར་གདོང་ལེན་བྱེད་དགོས་པའི་སྐོར་གྱི་དངོས་ཡོད་གནས་ཚུལ་དང་། ཨེ་ཙི་ནད་པར་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་བཞིན་ཡོད་པ་དང་ཨེ་ཙིའི་ནད་པར་དམིགས་བསལ་གྱི་སྲིད་ཇུས་གང་ཡོད་པ་སོགས་ཀྱི་ཤེས་བྱ་དྲིལ་སྒྲོག་བྱས་པ་དང་། ལྷག་པར་དུ་ཐེངས་འདིའི་ཨེ་འགོག་ལེ་བར་ཁྲི་ཕྲག་མའི་སྣེ་ཁྲིད་པ་དང་བོད་ཁུལ་གྱི་ཨེ་འགོག་རང་འདུན་པ་གྲགས་ཅན་རྒན་བཀྲ་ཤིས་རྒྱ་མཚོས་ས་གནས་དེའི་ཡུལ་སྐད་ཀྱི་སྟེང་ནས་འབྲེལ་ཡོད་ཤེས་བྱ་ཁ་གསལ་དོན་འདུས་ཀྱིས་དྲིལ་བསྒྲགས་བྱས། ཁ་བའི་བུ་མོ་བདེ་ཐང་མཛུབ་སྟོན་ཞབས་ཞུའི་ལྟེ་གནས་ཀྱི་ལས་བྱེད་པ་ཚོས་བུད་མེད་ཀྱི་བདེ་ཐང་དང་མོ་ནད་སྔོན་འགོག་གི་ཤེས་བྱ་སོགས་དྲིལ་སྒྲོག་བྱས་པ་རེད། དེ་མིན་དྲིལ་སྒྲོག་ཁྲོད་དུ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཨེ་ཙིའི་ནད་པར་བྱམས་སྐྱོང་བྱེད་དགོས་པའི་འགན་འཁྲི་ཡོད་པ་སོགས་ཀྱི་སྐོར་ནས་དྲིལ་སྒྲོག་བྱས་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཨེ་ཙིའི་ནད་སྔོན་འགོག་བྱེད་པའི་འདུ་ཤེས་ཆེ་རུ་བཏང་བ་རེད།