ལྷམ།

རྩོམ་པ་པོ།   ཚུན་མའོ་ཧེས་བརྩམས། རྡོ་རྗེ་སྒྲོལ་མས་བསྒྱུར།དུས་ཚོད།   2019-03-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        སྒོར་འགྲོ་ཁར། མོས་བསམ་བཞིན་དུ་ལྷམ་གསར་བ་ཞིག་བརྗེས། དེ་ནི་རྣམ་པ་གསར་ཞིང་ཁ་དོག་དམར་སྐྱ་ཅན་གྱི་ལྷམ་རྟིང་མཐོ་ཞིག་ཡིན་པ་དང་། བལྟས་ཙམ་གྱིས་བློར་འབབ་ཅིག་ཡོད། རྐང་བ་ལྷམ་ནང་དུ་བཅུག་ཚེ་སྐད་ཅིག་དེ་ཉིད་ལ་སེམས་ཀྱི་གཏིང་རོལ་ལ་དྲོད་ཁོལ་ཅིག་སྟེར་ཐུབ། ཚོར་བ་འདི་འདྲ་ཡུན་རིང་ཡུན་རིང་ཞིག་ལ་ཡོད་མྱངས་མེད།

       མོ་སྒོར་འབུད་སྐབས། ཁྱོ་གས་ཐབ་ཚང་ནས།“ལམ་བར་ནས་བདེ་འཇགས་ལ་སེམས་ཆུང་བྱོས”ཟེར།

       ཁྱོ་གས་འདི་ལྟ་བུ་མ་གཏོགས་བཤད་མི་ཤེས། གཞན་ཐམས་ཅད་ནི་བྱིས་པ་བསམ་མེད་ལྟར་དུ་ཁོ་རང་གི་ཁ་ཏ་དང་གཉོར་སྐྱོང་མེད་ན་འཚོ་གནས་མི་ཐུབ་པ་ལྟར་བྱེད་ཀྱང་། མོས་ཤབ་བེ་ཤུབ་བེ་ཞིག་སྨྲས་རྗེས་སྔར་བཞིན་སྐད་གསེང་མཐོན་པོས“ཁྱོ་ག ཤེས་སོང་།”ཞེས་བཤད།

       ཁ་སང་དྲིལ་བསྒྲགས་ལས་ཁུངས་ཀྱིས་བརྡ་སྦྱོར་བཏང་སྟེ། དེ་རིང་སྔ་དྲོའི་ཆུ་ཚོད་དགུའི་སྟེང་རྐང་འཛིན་འཕྲིན་གཏོང་ཚོགས་འདུ་འཚོག་རྒྱུ་དང་ཁོ་མོར་མིང་འདོན་གྱིས་ཉམས་མྱོང་ངོ་སྤྲོད་བྱ་རྒྱུ་ཟེར། ཁྱིམ་ནས་སྒོར་བུད་པ་ན། སྟོན་མགོའི་ཉི་འོད་ནི་ཁོ་མོའི་           སེམས་ཁམས་དང་མཚུངས་པར་གསལ་ལ་དྭངས་ཤིང་བག་བྲོ་བ་ཞིག་ཡིན། ལམ་རིང་ཐུང་ཀུན་ཏུ། མི་རྣམས་ཀྱི་མིག་ཟུང་དུས་མིན་དུ་ཚུར་འཁོར་བ་དང་། བསམ་བཞིན་དུ་མ་ཤེས་པའི་ཟོལ་གྱིས་མོའི་མཁུར་ཚོས་དང་སྨད་གཡོགས་ལ་བྱིལ་བྱིལ་བྱས།

ཅུང་ཙམ་སོང་རྗེས། སྔོན་ལ་རྐང་མཛུབ་ཅུང་ན་བ་དང་། དེའི་རྗེས་སུ་རྐང་པའི་ཕྱི་རྟིང་མི་བདེ་བར་གྱུར། འོན་ཀྱང་དུས་ཚོད་ལ་བྲེལ་འཚུབ་ཆེ་བས་མོས་རྐང་བ་མི་བདེ་བར་རྐྱེན་བྱས་ཏེ་འཕྱིས་འབྱོར་བྱུང་དུ་འཇུག་མ་འདོད།

       ཚོགས་ཁང་ནང་ཐོན་མཚམས་ནས་མོའི་རྐང་བར་ན་ཟུག་སྐྱེས། ཚོགས་འདུ་གྲོལ་རྗེས་ད་གཟོད་མོ་ལ་གསང་སྤྱོད་ཁང་དུ་འགྲོ་བའི་གོ་སྐབས་ཤིག་ཐོབ་པས་ལྷམ་ཕུད་ནས་བལྟས་ཚེ། རྐང་མཛུབ་དང་རྐང་བའི་ཕྱི་རྟིང་ཚང་མ་རལ་ཡོད་པར་མ་ཟད། ཤ་མདོག་ཅན་གྱི་རྐང་འབོབ་ཀྱང་དམར་པོར་བསྒྱུར་འདུག

       དེ་ལྟར་ལས་ཚོགས་གྲོལ་རག་བར་དུ་རྒྱུན་འཁྱོངས་བྱས་ནས་ཁྱིམ་དུ་ལོག འབོལ་ཁྲིའི་སྟེང་བསྡད་པ་ན་མོའི་ཚོར་བ་ཞིག་ལ་ཡར་ལངས་མི་ཐུབ་པ་འདྲ། མོའི་བདེ་བོ་མེད་པའི་ཚུགས་ཀ་ལ་བལྟས་ནས་ཁྱོ་གས་ཅི་ཞིག་བྱས་སོང་ཞེས་དྲིས་པར། མོས་རང་གི་རྐང་བ་བསྟན། ཁྱོ་གས་མོའི་རྐང་བ་ཡར་བཀྱགས་ཏེ་སྙིང་རྗེའི་ངང་རྐང་བར་ཕུ་འདེབས་ཀྱིན་བཤད་པར། “ཚད་འདི་འདྲར་བསྐྱལ་ཡོད། ད་དུང་བཙན་ཚུགས་བྱས་ནས་ཅི།”

       ཁྱོ་གས་ཆུ་ཁོལ་སྡེར་མ་གང་ཁྱེར་ཡོང་སྟེ་མོའི་རྐང་འབོབ་ཕུད་ཅིང་རྐང་བ་དལ་གྱིས་ཆུ་ནང་དུ་བཞག

     “ཆུ་ཁོལ་གྱིས་རྐང་བ་སྦངས་ན་ཅུང་ཙམ་ཇེ་བཟང་དུ་འགྲོ”ཞེས་བཤད་བཞིན། ཁྱོ་གས་མོའི་རྐང་བ་ཕྱིས་རྗེས་པང་དུ་བཟུང་ནས་སེམས་ཆུང་ངང་སྨན་བྱུགས་པ་དང་རྨ་ཐུམ་སྦྱར། སྨན་བྱུགས་ཚར་རྗེས“ལྷམ་ཉོ་བའི་སྐབས་སུ་ཚོད་ལྟ་ཡག་པོ་ཞིག་བྱས་ན་མི་ཆོག་གམ”ཟེར།

  “རྗེས་ཕྱོགས་མ་གོན་ན་རན་འདུག”ཅེས་དྲི་བ་དང་མི་མཐུན་པའི་ལན་ཞིག་བསྩལ།

     སྐད་ཆ་ལ་ལ་ཞིག་མོས་བཤད་མི་རུང་ལ་བཤད་ཀྱང་མི་ཕོད། རྒྱུ་མཚན་ལྷམ་འདི་མོ་རང་ཉིད་ཀྱིས་ཉོས་པ་མིན།

རྩོམ་སྒྲིག་པ།  ཚེ་པེ།