ཚ་ཁོ་དགོན་དགེ་ལྡན་དར་རྒྱས་གླིང་གི་ངོ་སྤྲོད་ཐུང་ངུ་།

རྩོམ་པ་པོ།   འབྲིང་བ་སྐམ་པོ།དུས་ཚོད།   2019-03-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

      ལེ་བར་བཞི་ལྷག་གི་ལམ་ཕྲན་གྱི་ཁུགས་ཀྱོག་མང་པོའི་མདུད་པ་རྡོག་པས་གྲོལ་མཐར། གཞི་ནས་ཚ་ཁོ་དགོན་པའི་གསེར་གྱི་རྒྱ་ཕིབས་དང་རི་དྭགས་ཕོ་མོ། རྒྱལ་མཚན་སོགས་མིག་མདུན་དུ་གསལ་ལེར་མངོན་བྱུང་། དགོན་པའི་འདུ་ཁང་གི་རྡོ་སྐས་འདབས་ཀྱི་གཡས་གཡོན་དུ་རྡོ་ལས་གྲུབ་པའི་སེངྒེ་གཉིས་ལངས་སྟབས་ཀྱིས་འགྱིང་ཞིང་། དེའི་འགྲམ་གཉིས་སུ་མཆོད་རྟེན་ཆ་བརྒྱད་བཞི་བཞི་རུ་བསྟར་དུ་བསྒྲིགས་ཤིང་། རྒྱུ་རྡོ་ཀ་མ་རུ་ཡིས་གྲུབ་པ་ཤ་སྟག་ཏུ་སྣང་། མཆོད་རྟེན་ནང་དུ་སྟོན་པ་ཤཱཀྱ་ཐུབ་པའི་རིང་བསྲེལ་སོགས་ཡོད་པར་བཤད། དེ་ནས་རྡོ་སྐས་འཛེགས་པ་ན་འདུ་ཁང་གི་སྒོ་ཆེན་དུ་ཐོན། རྡོ་སྐས་ལ་རིམ་པ་བརྒྱ་དང་བརྒྱད་ཡོད་པར་བཤད་ཅིང་། དེ་ནི་གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པའི་སྲས་ཀྱི་ཐུ་བོ་ཡོངས་གྲགས་སུ་ཚ་ཁོ་དབོན་པོ་ངག་དབང་གྲགས་པས། ཡུལ་མདོ་སྨད་དུ་དགོན་པ་བརྒྱ་དང་བརྒྱད་ཕྱག་བཏབ་པའི་བརྗེད་ཐོའམ་མཚོན་རྟགས་ཀྱི་ཚུལ་དུ་བསྐྲུན་པ་ཡིན།

      ཚ་ཁོ་དགོན་དགེ་ལྡན་དར་རྒྱས་གླིང་ནི་སྔོན་ཀ༔ཐོག་པ་ཡིན་ཡང་། བོད་རབ་བྱུང་བདུན་པའི་ས་གླང་ལོ་སྟེ་སྤྱི་ལོ1409ལོར། ཚ་ཁོ་དབོན་པོ་ངག་དབང་གྲགས་པ་དང་རོང་ཆེན་ལྗགས་ནག་པ་རྣམ་གཉིས་ཀྱིས་གསར་འདེབས་གནང་། རིག་གསར་སྐབས་དགོན་པ་འབྱུང་བཞིར་འཐིམས་ཤིང་། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་པར་སླར་གསོས། ན་ནིང་ནས་དགོན་རྙིང་བཤིགས་ཏེ་གསར་དུ་བཞེངས་པའི་མགོ་བརྩམས་པ་དང་། སང་ལོ་ཡོངས་སུ་འགྲུབ་ཐུབ་པར་བཤད། ཚ་ཁོ་དགོན་པ་ནི་རི་བོ་དགེ་ལུགས་པའི་གྲུབ་མཐའ་འཛིན་མཁན་ཡིན་ལ་དབྱར་གནས་དང་དགའ་ལྡན་ལྔ་མཆོད་སོགས་ཆོས་ཀྱི་ཆོ་ག་སྣ་ཚོགས་མ་ཉམས་པར་ཡོད།

     འདུ་ཁང་དུ་སྐུ་གདུང་མཆོད་རྟེན་གཉིས་ཡོད་ཅིང་། གཡོན་གྱི་སྐུ་གདུང་མཆོད་རྟེན་ནི་རྒྱལ་རོང་གི་ཐོས་ཅོག་རྣམ་གསུམ་སྟེ། ཤེས་རབ་རྡོ་རྗེ་དང་ཤེས་རབ་དཔལ་བ། ཤེས་རབ་རྒྱལ་མཚན་བཅས་ལས་གང་གི་སྐུ་གདུང་མཆོད་རྟེན་ཡིན་པ་མི་ཤེས་པར་གྲག སྐུ་གདུང་མཆོད་རྟེན་གྱི་རིང་ཚད་ལ་སྨི་བདུན་ལྷག་ཡོད། གཡས་ཀྱི་སྐུ་གདུང་མཆོད་རྟེན་ནི་ཚ་ཁོ་དབོན་པོ་ངག་དབང་གྲགས་པའི་སྐུ་གདུང་མཆོད་རྟེན་ཡིན་པ་དང་། རིང་ཚད་ལ་སྨི་དགུ་ལྷག་ཡོད། རྟེན་གྱི་གཙོ་བོ་ལ་སྐུ་གདུང་མཆོད་རྟེན་གཉིས་ལས་གཞན་རྗེ་ཡབ་སྲས་གསུམ་གྱི་ལུས་ཚད་མ། སྔ་མོ་བཙན་པོ་ནོ་མོ་ཧན་ནས་གནང་བའི་རྗེའི་སྐུ་དང་། བྱེ་སྨད་ཏ་རོ་དབང་རྒྱལ་གྱིས་བཞེངས་པའི་མཁན་ཆེན་གྱི་འདྲ་སྐུ་དང་། བྱེ་སྨད་ཏ་རོ་ཡོན་ཏན་བཀྲ་ཤིས་ཀྱིས་བཞེངས་པའི་ཇོ་བོའི་སྐུ་སོགས་ཡོད།

    དགོན་པའི་གཡས་གཡོན་གྱི་རི་སུལ་ཏུ་གྲྭ་ཤག་ཡོད་ཅིང་དགེ་འདུན་པ་ཉི་ཤུ་ལྷག་ཡོད། དགོན་པའི་མདུན་རིས་ཆུ་འཛིན་བུ་མོ་ཐོ་ཅོར་དུ་སྤྲས་ཤིང་རི་ཧྭའི་ཁ་བ་དཀར་པོ་མགུལ་རྒྱན་དུ་བསྒྲོན་པ་དང་། ནགས་ཚལ་སྟུག་པོ་ལག་ཟུང་གིས་བཏེགས་ནས་གུས་པའི་ཉམས་གྱིས་བཞུགས་པ་ནི། བསམ་གཏན་ལ་གནས་པའི་བྱ་བཏང་བ་ཞིག་དང་གཉིས་སུ་མ་མཆིས་སོ།།

རྩོམ་སྒྲིག་པ།  ཚེ་པེ།