ཁྲོ་བའི་མི་ལ་ནད་པར་བལྟ།

རྩོམ་པ་པོ།   གཞོན་ནུ། དུས་ཚོད།   2019-03-05   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       ༡.དཔེ་ཆ་ཀློག་པ་ནི་རང་ཉིད་ཀློག་པའོ།།

       ངས་རྟག་པར་འཚོ་བ་དང་། ཚོར་བ། བསམ་གཞིག་སོགས་རང་གིས་རྙེད་ཟིན་པ་དག་ཟིན་ཐོར་འགོད་བཞིན་ཡོད་མོད། ད་དུང་ངས་མ་གོ་མ་ཚོར་བའི་དོན་དག་མང་པོ་མང་པོ་ཞིག་བག་ལ་ཞ་བའི་ཚུལ་དུ་ཡོད་པ་རྣམས། དཔེ་ཀློག་གི་གོ་རིམ་དུ་གཉིད་ལས་སད་པ་བཞིན་མ་རིག་པ་མང་པོ་ཞིག་དྭངས་གསལ་དུ་འགྲོ་ངེས་པས། ང་ལ་མཚོན་ན་དཔེ་ཀློག་གི་སྤྲོ་སྣང་ཆེ་ཤོས་ནི་རང་ཉིད་སྔོག་པ་དེ་ཡིན་ལ། དེ་སྔ་རང་གིས་མ་གོ་མ་ཚོར་བ་དག་གསར་དུ་རྙེད་པའོ།།

       ༢.མི་གཞིའི་ཡག་བཙོག་བརྟག་ན་ཤེས།

        ཆར་བ་ཤག་ཤག་འབབ་པའིི་ཉིན་ཞིག་ལ་ཁྱེད་ཀྱིས་ཆར་གདུགས་ཁྱེར་ནས་སྲང་ལམ་དོག་མོ་ཞིག་བརྒྱུད་དེ་ལམ་དཀྱིལ་དུ་ཆུ་འཁྱིལ་ཡོད་པས་ཁྱེད་ཉིད་ལམ་མཐའ་གཟུར་ནས་སེམས་ཆུང་ངང་བགྲོད་སྐབས། རླངས་འཁོར་ཁ་ལོ་བ་ཞིག་གིས་ལམ་དཀྱིལ་གྱི་ཆུ་འཁྱིལ་མཐོང་ཚེ་རླངས་འཁོར་གྱི་འགྲོས་ཇེ་དལ་དུ་ཕབ་ནས་བུད་སོང་། སྐབས་དེར་ཁྱེད་ཀྱི་སེམས་ལ་དྲོད་ཐིག་ཅིག་ངང་གིས་འཁོར་འོང་། ཏག་ཏག་སྐབས་དེར་རླངས་འཁོར་གཞན་ཞིག་གིས་ལམ་དཀྱིལ་གྱི་ཆུ་འཁྱིལ་དང་གཡས་གཡོན་གྱི་ལམ་འགྲོ་བར་སྣང་དོག་ཡེ་ནས་མེད་པར་བྱ་འཕུར་བ་ལྟར་སོང་ལ། གཡས་གཡོན་གྱི་ལམ་འགྲོ་བ་ཀུན་འདམ་ཆུས་རློན་པར་བྱས་སོང་ན། སྐབས་དེར་ཁྱེད་ཀྱིས་མདུན་ཕྱོགས་ཀྱི་རླངས་འཁོར་ཁ་ལོ་བའི་ངོ་གདོང་མཐོང་གི་མེད་ཀྱང་། ཁྱེད་ཀྱིས་ཁ་ལོ་བ་དེའི་མི་གཞི་གསལ་ལྷིང་ངེར་མཐོང་ཐུབ་པ་ཡིན།

       ༣.གུ་ཡངས་མི་ཐུབ་པ་ནི་བླུན་རྨོངས་ཀྱི་རྟགས་ཤིག་གོ།།

       ང་ཚོས་ནམ་རྒྱུན་འཚོ་བ་ཡག་ཤོས་དང་། ལས་ཀ་ཡག་ཤོས། བཟའ་ཚང་ཡག་ཤོས། གྲོགས་པོ་ཡག་ཤོས་སོགས་ཆེས་ཡག་ཤོས་དེར་རེ་སྙེག་བྱེད་སྲིད། ཡིན་ནའང་ཡག་ཤོས་དེ་ཐོབ་མིན་ལ་རྒྱུ་རྐྱེན་མང་དུ་མཆིས་ཏེ། འབད་པ་ཁོ་ནས་འགྲུབ་པ་ཞིག་ཀྱང་མ་ཡིན། ང་ཚོས་འབད་པ་བྱས་ཏེ་ཐོབ་པ་ནི་ཆེས་ཡག་ཤོས་དེ་མ་ཡིན་རུང་དང་དུ་མི་ལེན་ག་མེད་ཡིན། མི་ཚེ་ནི་མ་གཞི་ཆ་ཚང་བ་ཞིག་ཡིན་མི་སྲིད་པས་ནམ་ཡང་གུ་ཡངས་ཀྱི་བསམ་བློ་ཡོད་དགོས། རང་ཉིད་ལ་གུ་ཡངས་མི་ཐུབ་པ་ནི་བླུན་རྨོངས་ཀྱི་རྟགས་ཁོ་ནའོ།།

       ༤ .ཁྲོ་བའི་མི་ལ་ནད་པར་བལྟ།

       ཁྱོ་གའི་བྱ་གཞག་ལ་བར་ཆད་ཐེབས་པས་སེམས་ཁམས་སྐྱིད་པོ་མ་བྱུང་བར་རླུང་ལངས་སླ་བོ་ཡོད་པར། ཆུང་མའི་གདོང་ལ་འཛུམ་མདངས་མེད་པར་སྡུག་ཡུས་ཀྱིས་ཁེངས་འདུག སྐབས་དེར་ངས་མོར་ཁྱོད་ཀྱིས་རང་གི་ཁྱོ་གར་ནད་པ་ཞིག་ཚུལ་གྱིས་བལྟས་ན་མི་ཆོག་གམ་ཞེས་དྲིས་པར། མོས་འདང་ཞིག་བརྒྱབ་རྗེས་གདོང་ལ་འཛུམ་མདངས་དང་བཅས་བདེན་པའི་མགོ་ལྕོག་ལྡེམ་བྱུང་། དོན་ངོ་མར་ང་ཚོ་ཁྲོ་བའི་སྐབས་དེ་ནི་ཏག་ཏག་ནད་པ་ཞིག་ཅི་ལ་མིན། དེ་བས་ང་ཚོས་འདི་ལྟར་བསམ་བློ་གཏོང་ཐུབ་ཚེ་ཕ་རོལ་བོ་དང་ལྷག་པར་རང་གི་ནང་མི་དབར་གྱི་འགལ་ཟླ་རང་ཞིར་འགྲོ་ངེས་པ་ཐག་གིས་ཆོད་དོ།།

      ༥.ཐོབ་ཤོར་གྱི་སྡུག་བསྔལ།

      སྐབས་ལ་ལར་ཁྱེད་ཀྱིས་ཤིན་ཏུ་ཐོབ་ན་འདོད་པའི་དངོས་པོ་དེས་ཁྱེད་ཀྱི་བླ་བཀུག་པ་བཞིན་དངོས་པོ་དེ་ཁོ་ནས་ཁྱེད་ཀྱི་བསམ་སྦྱོར་ཡོད་ཚད་དབང་དུ་བསྡུ་ངེས། མཐའ་གཅིག་ཏུ་ཁེ་སྤོགས་ལ་སྙེགས་མཁན་དང་ལས་རིགས་གསར་དུ་གཏོད་མཁན་གྱི་རིགས་ལ་གནས་ཚུལ་དེ་འབྱུང་སླ། བྱ་གཞག་ལེགས་པར་གྲུབ་ཀྱང་མ་གྲུབ་རུང་ཁྱེད་ཉིད་དུས་ཐོག་ཏུ་བསླུ་བྲིད་ཀྱི་འོབས་ལས་ཕྱིར་བུད་དེ། འཇིག་རྟེན་ཧྲིལ་མོའི་སྒང་གི་དངོས་པོ་དེའི་དོན་དངོས་ཀྱི་གོ་གནས་དང་། ཡང་ན་ཚད་མེད་པའི་སྟོང་ཁམས་ཀྱི་ཁྲོད་དུ་གོ་གནས་ཅི་ཙམ་ཡོད་ཚུལ་ངོས་ཟིན་ཚེ། ཁྱེད་ལ་དངོས་པོ་དེ་རིགས་ཐོབ་པའི་དགའ་བ་དང་ཤོར་བའི་སྡུག་བསྔལ་སྐྱེ་མི་སྲིད་དོ།།

རྩོམ་སྒྲིག་པ། ཚེ་པེ།