མཚོ་འཁྱོག

རྩོམ་པ་པོ།   དུས་ཚོད།   2019-03-04   རྩོམ་ཁུངས།    ཧུང་ཡོན་རྫོང་རིག་གནས་ལོ་རྒྱུས་དེབ་ཕྲེང་།

ཆགས་དབྱིབས་དང་རྣམ་པ།  

           ཤར་དང་ལྷོ།  ལྷོ་ནུབ་བཅས་སུ་རྫ་རི་ཡིས་བསྐོར་བའི་ལྟེམ་ཁུག་ཏུ་དཀྱུས་རིང་ཞིང་དབྱིབས་འཁྱོག་པའི་མཚོ་ཞིག་ཡོད་པས་མཚོ་འཁྱོག་ཟེར་བ་དང་། དེའི་གཡོན་ཕྱོགས་ན་མཚོའི་སྲིང་མོར་འབོད་པའི་ཤེལ་གྱི་མེ་ལོང་ལྟ་བུའི་མཚོ་གཉིས་བཅས་ཁྱོན་མཚོ་མིག་གསུམ་གྱི་གྲུབ་ཡོད།  མཚོའི་ལྷོ་ནས་བྱང་བར་རྫ་རིས་ཡོངས་སུ་བསྐོར་བ་དང་།  དཀྱིལ་རི་ནི་རྣམ་སྲས་ཀྱི་ཕྲོ་བྲང་དང་མཚོ་རྒྱལ་མཚན་གྱི་དབྱིབས་སུ་བྱས་པའི་བྲག་གི་ནེའུ་ལེ་དང་ཕྱོགས་ཀྱི་རྣམ་སྲ་རྟ་བ་བརྒྱད་ཚང་པའི་རྫ་རི་བརྒྱད།  གཡོན་རིའི་ངོས་ན་ཆོས་དུང་དཀར་པོའི་དབྱིབས་རང་བྱུང་དུ་ཡོད་པ།  དེའི་བྱང་ཕྱོགས་ཀྱི་འགྲམ་དུ་རི་དཔྱད་ཀྱིས་ཡོངས་སུ་མཛེས་པར་བརྒྱན་པའི་རྣམ་སྲས་གཏེར་སྒམ་ཞེས་པའི་མཚོ་སྙིང་གི་བྲག་ཅིག་ཡོད་པ་ལ།  དེའི་ཐོག་ཏུ་བླ་ཤིང་ཤུག་པས་ངོ་མཚར་བར་བརྒྱན་པ་དང་།  ཁྱོམ་ཙྰཀླུ་སྒྲུབ་བསྟན་པའི་ཉི་མ་མཆོག་གིས་མཚོ་མིང་ལ་གཏེར་མཚོ་ཕྱུག་མོ་ཞེས་སུ་བཏགས་ཡོད། 

ངག་རྒྱུན།  

           མཚོ་འཁྱོག་ནི་རྣམ་སྲས་རྟ་བ་བརྒྱད་ཚང་པའི་གཏེར་མཚོ་ཞིག་ཡིན་པ་དང་།  མཚོ་བདག་ཧ་ཅང་བཙན་པས་མཚོ་མཐའ་ནས་འུར་རྒྱག་པ་དང་རི་དྭགས་གསོད་པ་སོགས་མི་ལེགས་པའི་ལས་བྱས་ན་གློ་བུར་དུ་གནམ་ངོ་འཁྲིགས་པ་དང་ཐོག་རྒྱག་པ་སོགས་ངན་བྱས་ཀྱི་ལ་འབྲས་སྐད་ཅིག་ཏུ་སྨིན་པའི་བཤད་རྒྱུན་ས་གནས་ཀྱི་མི་རྣམས་ཀྱི་ངག་ན་ཡོད། མཚོ་ནང་དུ་མཚོ་གཏེར་བཞག་ན་རྒྱུ་ནོར་ལོངས་སྤྱོད་རྒྱས་པར་ཕན་པས་འབྲོག་པ་མང་ཚོག་ཀྱིས་ལོ་ལྟར་གཏན་ཁེལ་གྱི་དུས་ཚོད་ནང་མཚོ་གཏེར་འཇོག་བཞིན་ཡོད།  

ས་གནས།  

           ཧུང་ཡོནང་རྫོང་ཟངས་དཀར་ཡུལ་ཚོ་རྒྱ་མཁར་སྡེ་བ་ནས་བྱང་ཤར་དུ་སྤྱི་ལེ༢༡ལྷག་གི་མཚམས་སུ་ཡོད།  

རྩོམ་སྒྲིག་པ།  ཚེ་པེ།