ཉིན་རེའི་ཟིན་ཐོ།

རྩོམ་པ་པོ།    རིག་ལྡན།དུས་ཚོད།   2019-02-26   རྩོམ་ཁུངས།    རྔ་བའི་གསར་འགྱུར།

            དགེ་རྒན་ཆོས་སྐྱིད་ཀྱིས་སློབ་ཁྲིད་གནང་སྐབས་ཉིན་རེའི་ཟིན་ཐོ་ཞེས་པ་ནི་ཉིན་རེའི་མཐོང་བ་དང་། ཉིན་རེའི་བསྒྲུབས་པ། ཉིན་རེའི་བཤད་པ། ཉིན་རེའི་དྲན་པ་རྣམས་ཟིན་བྲིས་སུ་ཕབ་པ་ཡིན་པས། ཉིན་རེའི་ཟིན་ཐོ་ནི་དངོས་ཐོག་བདེན་འཚོལ་ཡིན་དགོས། རྩོམ་སྒྲུང་ཙམ་བྲིས་ན་སྒྲོ་འདོགས་བྱས་ཆོག་ཀྱང་། ཉིན་རེའི་ཟིན་ཐོ་བྲིས་ན་གཏན་ནས་སྒྲོ་འདོགས་བྱ་མི་རུང་། ཉིན་རེའི་ཟིན་ཐོ་ནི་ཡང་མི་ཞིག་གི་གསང་དོན་རྣལ་མ་ཙམ་ཞིག་ཡིན་ཕྱིར་མི་སུ་དང་སུ་ཡིས་བལྟ་མི་རུང་ཞེས་བཤད།

           མཱ་ཞའོ་ཐིའོ་ཡིས་གསང་དོན་ཞེས་པའི་དོན་དེ་མ་གོ་ཡང་ཁྱེད་རང་གིས་བྲིས་པའི་ཟིན་ཐོ་དེ་མི་གཞན་པས་བལྟ་མི་རུང་ཞེས་པའི་ཚིག་དེ་སེམས་ལ་བཟུང་།

           ཉིན་ཞིག་དགེ་རྒན་ཆོས་སྐྱིད་ཀྱིས་བཀོད་སྒྲིག་བྱས་པའི་གཤར་སྦྱང་ནི་ཉིན་རེའི་ཟིན་ཐོ་ཡིན་ལ།

           དགོང་ཇ་འཐུང་ཚར་རྗེས་མཱ་ཞའོ་ཐིའོ་ཡིས་ཉིན་རེའི་ཟིན་ཐོ་འབྲི་མགོ་བརྩམས། དེ་རིང་གི་དོན་དག་ཅིག་ཁོའི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ནང་བཞིན་བརྗེད་མི་སྲིད་ཅིང་ཡིད་ཀྱང་མི་བདེ་བར་གྱུར། དགོང་ཇའི་ཞིམ་ཟས་ཁོའི་སེམས་ལ་སྤྲོ་སྣང་ཡུད་ཙམ་སྐྱེས་མོད་ཀྱང་། དུས་ཡུན་གྱི་དབང་གིས་སླར་ཡང་དོན་དེ་ཡིད་ལ་ཤར་ཞིང་སྤྲོ་སྣང་མི་ལྡན་པའི་རྒྱུ་མཚན་གཙོ་བོར་གྱུར།

            དེ་རིང་གི་ཟིན་ཐོ་ལས་མཱ་ཞའོ་ཐིའོ་ཡིས་དོན་དེ་ཟིན་བྲིས་སུ་ཕབ་པ་འདི་ལྟར་ཏེ།

དེ་རིང་གི་མཛེས་རྩལ་སློབ་ཁྲིད་སྟེང་དུ་ངས་གཞར་གྲིས་མཚོན་ལྡན་སྨྱུ་གུ་གཉིས་བཞར། ཀླུ་སྨན་གྱིས་ངས་སྨྱུ་གུ་གཞར་བར་མཐོང་མ་ཐག་ཁོསཀྱང་གཞར་དགོས་ཟེར་ནས་ང་ལ་གཞར་གྲི་གཡར། གལ་ཏེ་ངས་མོར་གཞར་གྲི་མ་གཡར་ན་ཚེ་ཧྲིལ་བོར་ང་ལ་ཨ་ལན་མི་སྟེར་ཟེར་བས་མི་གཡར་ཁ་མེད་བྱུང་། མོས་མུ་མཐུད་ནས་མཚོན་ལྡན་སྨྱུ་གུ་བཞི་ལྔ་ཙམ་བཞར་ཏེ་སྨྱུ་གུའི་གཞར་རྫས་ཀྱང་ངའི་རྐུབ་ཅག་འོག་ལ་གཏོར། དགེ་རྒན་ཆོས་སྐྱིད་ཀྱིས་ཚུལ་དེ་མཐོང་རྗེས་ང་ལ་སྐྱོན་བརྗོད་གནང་ནས་འཛིན་གྲྭའི་གཙང་སྦྲ་ལ་གཏོར་བརླག་བཏང་ཡོད་ཟེར་ཏེ། ངས་གཅིག་པུས་སློབ་ཁང་ཕྱག་བདར་གཏོང་དགོས་ཞེས་ཐག་གཅོད་བྱས།

           ཀླུ་སྨན་གྱིས་ཀྱང་གཞར་ཡོད། སློབ་ཁང་ཕྱག་བདར་བྱེད་དགོས་ཞེས་ཐག་བཅད་ན་ང་ཚོ་ལྷན་དུ་ཕྱག་དགོས་ཞེས་ངས་དེ་ལྟར་དུ་བཤད་ཀྱང་། བསམ་ཡུལ་ལས་འདས་པ་ནི་ཀླུ་སྨན་གྱིས་རྫུན་བཤད་དེ། མོས་སྒྱུ་གུ་གཞར་མེད་ཅེས་གཏན་ནས་ཁས་མ་བླངས་པར་མ་ཟད། མོ་ལ་གཞར་གྲིའང་མེད་ཟེར། དགེ་རྒན་ཆོས་སྐྱིད་ཀྱིས་མོར་ཡིད་ཆེས་པར་མ་ཟད། ཀླུ་སྨན་ལྟ་བུ་སློབ་མ་སྤྱོད་བཟང་འདིས་གཞར་རྫས་གང་སར་འདོར་མི་དཔེ་ཟེར།

          ངོ་མ་ཁོང་ཁྲོ་ལངས་དགོས་པ་ཞིག་ཡིན་ཡང་། རྐང་རྩེད་སྤོ་ལོ་རྩེ་བའི་ཆེད་དུ་མ་སྒྲོན་དང་ཐང་ལྷ། བཀྲ་བདེ་བཅས་ཀྱི་གྲོགས་པོ་རྣམས་ཀྱིས་ང་ལ་ཕྱག་བདར་བྱེད་རོགས་བྱས་ཤིང་། ད་དུང་ང་ལ་སྤྲོ་མ་ལངས་ཞེས་ཁ་ཏ་བསླབ་བྱ་བཏང་།

          བཀྲ་བདེས་ངོ་མ་བཤད་ན་དགེ་རྒན་ཆོས་སྐྱིད་ཧ་ཅང་ཕྱོགས་རིས་ཆེ་ཟེར། མ་སྒྲོན་གྱིས་རྫུན་བཤད་མཁན་བུ་མོ་ནི་ཨ་ཙ་རའི་བཞིན་རས་ལྟར་དུ་འགྱུར་སྲིད་ཟེར། ཐང་ལྷས་གོ་ཐོས་ལྟར་ན་ཀླུ་སྨན་ནི་དགེ་རྒན་ཆོས་སྐྱིད་ཀྱི་གཉེན་ཉེ་ཡིན། དེའི་ཕྱིར། མོས་ཉིན་རེར་ཀླུ་སྨན་ལ་ཕྱོགས་རིས་བྱ་འདུག་ཟེར།

         ང་ངོ་མ་ཧ་ཅང་སྤྲོ་ལངས་བྱུང་། ཀླུ་སྨན་ལ་སྤྲོ་ལངས་པ་དང་དགེ་རྒན་ཆོས་སྐྱིད་ལ་སྤྲོ་ལངས་བྱུང་། རྗེས་སུ་ཡུལ་ལ་ཐོན་ནས་ཨ་མས་བྲོ་བ་ཞིམ་པོའི་ཟ་མ་ལས་པས་ན། ད་གཟོད་སྤྲོ་ལངས་པ་དེ་ཅུང་ཟད་ལྷོད་ཅིང་འཇགས་སོ།། ཞེས་བྲིས།

        མཱ་ཞའོ་ཐིའོ་ཡིས་ཟིན་ཐོ་དེ་བྲིས་ཚར་མ་ཐག་ཁོའི་ཨ་ཕ་ཐོན་ནས་ཁོའི་གཤར་སྦྱང་ལ་བཤེར་དགོས་ཟེར།

        ཁྱེད་རང་གིས་བལྟ་མི་ཉན། ཟིན་ཐོ་ནི་མི་གཞན་པས་བལྟ་མི་ཉན་ཟེར་ཞོར་མཱ་ཞའོ་ཐིའོ་ཡིས་ལག་པ་གཉིས་ཀྱིས་ཁོའི་ཟིན་ཐོ་ལ་བཀབ།

        སྐུ་ཞབས་སྨན་ཐར་གྱིས་རང་གི་ངོ་ལ་མཛུབ་སྟོན་བྱས་ཏེ་ཁྱོད་སྨྱོན་སོང་བ་ཡིན་ནམ། ང་གཞན་མི་ཡིན་ནམ། ང་ནི་ཁྱོད་རང་གི་ཨ་ཕ་ཡིན་ཟེར།

        ཨ་ཕ་ཡིན་རུང་བལྟས་ན་མི་ཆོག་ཟེར།

        མཱ་ཞའོ་ཐིའོ་ཡིས་དགེ་རྒན་ཆོས་སྐྱིད་ཀྱིས་མི་གཞན་པས་ཁྱོད་རང་གི་ཟིན་ཐོར་བལྟ་མི་རུང་ཞེས་པའི་གཏམ་དེ་སེམས་ལ་དམ་པོར་བཟུང་ཡོད།

       ཡ་ཡ་ཡ། ཁྱོད་ཀྱིས་ང་ལ་མ་བསྟན་རུང་ངས་ཁྱོད་རང་གི་བྲིས་པ་དེ་ཧ་གོ་བྱུང་ཞེས་སྐུ་ཞབས་སྨན་ཐར་གྱིས་ཐབས་ཤེས་ཡོད་པའི་སྒོ་ནས་དེ་ལྟར་བཤད།

       མཱ་ཞའོ་ཐིའོ་ལ་ངོ་མ་མགོ་སྐོར་བཏང་ཐུབ་སོང་། ཁོས་ཨ་ཕ་ལ་ཅི་ཞིག་བྲིས་ཡོད་དམ་ཞེས་དྲིས།

       ཀླུ་སྨན་དང་འབྲེལ་བ་ཡོད་པ་ཞིག་བྲིས་ཡོད།

      ཁྱེད་རང་གིས་ཇི་ལྟར་ཤེས་པ་ཡིན་ནམ།

      སྐུ་ཞབས་སྨན་ཐར་མགོ་གནམ་ལ་བཏེགས་ཏེ་ཧ་ཧ་ཞེས་དགོད་ཞོར། ང་སུ་ཡིན་པ་མི་ཤེས་སམ། ཁྱོད་རང་གིས་ཅི་ལས་གང་ལས་ངས་ཁྱོད་ཀྱི་ངོ་ལ་བལྟས་མ་ཐག་ཏུ་ཧ་གོ་ཐུབ་ཅེས་བཤད།

      ངོ་མ་བཤད་ན་སྐུ་ཞབས་སྨན་ཐར་གྱིས་མཱ་ཞའོ་ཐིའོ་ལ་མགོ་སྐོར་བཏང་བ་ཁོ་ན་ཙམ་ཡིན། ཡིན་ན་ཡང་ཐེངས་ཤིག་ལ་མཱ་ཞའོ་ཐིའོ་ཡིས་ཀླུ་སྨན་ལ་སྨད་གཡོགས་ཤིག་སྐྱིན་པ་སྤྲོད་པའི་སྐབས་སུ། སྐུ་ཞབས་སྨན་ཐར་གྱིས་སྨད་གཡོགས་གང་ལེགས་ཤིག་ཉོ་བའི་ཆེད་དུ་མཱ་ཞའོ་ཐིའོ་ཡིས་ཀླུ་སྨན་འདི་བུ་མོ་ཧ་ཅང་ཡག་ཅིང་ཧ་ཅང་མཛེས་མ་ཡིན་པ་བཤད་མྱོང་། དུས་དེ་ནས་བཟུང་སྐུ་ཞབས་སྨན་ཐར་གྱིས་ཀླུ་སྨན་གྱི་མིང་ཐོས་པ་ཙམ་ན་རྩེད་མོ་རྩེ་བཞིན་འདུག

      ཕྱི་ཉིན་ཀླུ་སྨན་གྱིས་མཱ་ཞའོ་ཐིའོ་ལ་ཉིན་རེའི་ཟིན་ཐོ་སྤྲོད་དགོས་པར་བཤད།

      མཱ་ཞའོ་ཐིའོ་ཡིས་ཀླུ་སྨན་ལ་ཉིན་རེའི་ཟིན་ཐོ་སྤྲོད་དགོས་དོན་གང་ཡིན་ནམ། ཁྱོད་རང་གིས་ངའི་ཉིན་རེའི་ཟིན་ཐོར་བལྟ་འདོད་དམ་ཞེས་དྲིས།

      སུས་ཁྱོད་རང་གི་ཟིན་ཐོར་བལྟ་འདོད་དམ། ཁྱོད་ཀྱིས་སྤྲོད་དམ་མི་སྤྲོད་ཅེས་ཀླུ་སྨན་གྱིས་ཅུང་ཚིག་རྩུབ་མོའི་སྒོས་དེ་ལྟར་བཤད།

      མི་སྤྲད།

      ངས་དགེ་རྒན་ཆོས་སྐྱིད་ལ་གཏུག་རྒྱུ་ཡིན།

      མཱ་ཞའོ་ཐིའོ་ཡིས་དེར་ཅི་ཡང་འཚེམ་སྣང་བྱས་མེད་པར། ཁོའི་སེམས་ལ་དགེ་རྒན་ཆོས་སྐྱིད་ཀྱིས་བཤད་མྱོང་བར། གཞན་པའི་ཉིན་རེའི་ཟིན་ཐོར་བལྟ་མི་རུང་སྙམ།

      དེ་མ་ཐག་ཏུ་ཀླུ་སྨན་གྱིས་དགེ་རྒན་ཆོས་སྐྱིད་བོས་ཡོང་།

      མཱ་ཞའོ་ཐིའོ། ཉིན་རེའི་ཟིན་ཐོ་མི་སྤྲད་པའི་རྒྱུ་མཚན་གང་ཡིན་ནམ།

      མཱ་ཞའོ་ཐིའོ་ཡིས། གཞན་པའི་ཉིན་རེའི་ཟིན་ཐོར་བལྟ་མི་རུང་ཞེས་ཁྱེད་རང་གིས་གསུང་མྱོང་བ་མ་ཡིན་ནམ་ཞེས་ལན་བཏབ།

      ངས་དེ་ལྟར་བཤད་ཀྱང་། ཡིན་ན་ཡང་ངས་ཁྱོད་ཚོར་གཤར་སྦྱང་བཀོད་སྒྲིག་བྱས་པ་ཡིན་པས། ཁྱོད་རང་གིས་མ་སྤྲད་ན་ངས་ཁྱོད་རང་གིས་ཉིན་རེའི་ཟིན་ཐོ་འབྲི་ཤེས་མིན་ཇི་ལྟར་ཤེས་སམ་ཞེས་དགེ་རྒན་ཆོས་སྐྱིད་ཀྱིས་ཅུང་ཚིག་ནན་པོའི་སྒོས་དེ་ལྟར་བཤད།

      མཱ་ཞའོ་ཐིའོ་ཡིས་ཉིན་རེའི་ཟིན་ཐོའི་ནང་དོན་ལ་དྲན་སྐབས་སེམས་ལ་ཅུང་སྐྲག་སྣང་སྐྱེས་ཏེ། ངས་སྤྲད་དགོས་པ་མ་ཤེས་ཞེས་ལན་བཏབ།

      དགེ་རྒན་ཆོས་སྐྱིད་ཀྱིས་ཚིག་ནན་པོའི་སྒོས་མཱ་ཞའོ་ཐིའོ། ཁྱོད་རང་གིས་བྲིས་མེད་པ་ཨེ་ཡིན་ནམ་ཞེས་དྲིས།

      བྲིས་ཡོད།

     བྲིས་ཡོད་ན་མི་སྤྲད་པའི་རྒྱུ་མཚན་གང་ཡིན།

     མཱ་ཞའོ་ཐིའོ་ལ་ཐབས་བཀོད་པ་ཅི་ཡང་མེད་པས་མདང་དགོང་བྲིས་པའི་ཉིན་རེའི་ཟིན་ཐོ་སྤྲད་ཀྱང་། སེམས་ལ་གནོད་འཚེ་ཆེན་པོ་ཞིག་འབྱུང་སྲིད་སྙམ།

      དེ་ལུས་ཡིན། ཉིན་གུང་གི་སློབ་མཚམས་གྲོལ་བའི་ཅོང་སྒྲ་གྲག་བྱུང་སྐབས། དགེ་རྒན་ཆོས་སྐྱིད་སློབ་ཁང་གི་སྒོ་ཁར་ཐོན་ཏེ་མཱ་ཞའོ་ཐིའོ་དང་། བཀྲ་བདེ། ཐང་ལྷ། མ་སྒྲོན་རྣམས་བོས་ཏེ་གཞུང་ལས་ཁང་ལ་ཁྲིད།

     མཱ་ཞའོ་ཐིའོ་ཡི་སེམས་ལ་འབོད་དགོས་པའི་རྒྱུ་མཚན་གང་ཡིན་གསལ་མོར་ཤེས་ཀྱང་། ཡིན་ན་ཡང་བཀྲ་བདེ་དང་། ཐང་ལྷ། མ་སྒྲོན་རྣམས་ཀྱིས་དེའི་རྒྱུ་མཚན་གང་ཡིན་གཏན་ནས་ཤེས་མེད།

     བཀྲ་བདེས་དེ་རིང་ངས་བྱ་བ་ངན་པ་ཅི་ཡང་ལས་མེད་ཟེར།

     ཐང་ལྷས་ཀྱང་ངས་ཀྱང་ཅི་ཡང་ལས་མེད་ཟེར།

     མ་སྒྲོན་གྱིས་མཱ་ཞའོ་ཐིའོ་ལ། མཱ་ཞའོ་ཐིའོ། ཁྱོད་རང་གིས་ཅི་ལས་ཡོད་ཅེས་དྲིས།

      མཱ་ཞའོ་ཐིའོ་ཡིས་སོང་ན་ང་ཚོས་ཤེས་ཐུབ་ཟེར།

     མི་བཞི་བོ་ཕྲེང་གཅིག་ལ་བསྒྲིགས་ཏེ་དགེ་རྒན་ཆོས་སྐྱིད་ཀྱི་མདུན་དུ་ལངས།

     ཁྱོད་ཚོ་འདི་གར་བརྩེངས་པའི་རྒྱུ་མཚན་གང་ཡིན་ཤེས་སམ།

     མཱ་ཞའོ་ཐིའོ་གཅིག་པུ་མ་གཏོགས། གཞན་པ་གསུམ་གྱིས་མགོ་གཡུག་གཡུག་བྱས།

     དགེ་རྒན་ཆོས་སྐྱིད་ཀྱིས་མཱ་ཞའོ་ཐིའོ་ཡི་ཉིན་རེའི་ཟིན་ཐོ་ལག་ན་བཟུང་སྟེ། མཱ་ཞའོ་ཐིའོ་ཡི་ཉིན་རེའི་ཟིན་ཐོ་ལས་ཁྱོད་ཚོར་གནད་དོན་འགའ་ཞིག་ལྡན་པ་གསལ་མོར་མངོན་ཡོད། དང་བོ་ནི། ཁ་རྩང་ངས་ཁོ་རང་གཅིག་པུ་ལ་སློབ་ཁང་ཕྱག་བདར་བྱེད་ཐག་བཅད་ཡོད་ཀྱང་། ཁྱོད་ཚོས་ཁོ་ལ་རོགས་རམ་བྱས་ཡོད་དམ་ཞེས་དྲིས།

     མི་གསུམ་པོས་སྡང་མིག་གིས་མཱ་ཞའོ་ཐིའོ་ལ་ཐེངས་གཅིག་བལྟས་ཏེ། གསུམ་པོས་མགོ་ལྕོག་ལྡེམ་ལྡེམ་བྱས།

     གནད་དོན་གཉིས་པ་ནི་བཀྲ་བདེས་ཁ་རྩང་ང་ལ་ཕྱོགས་རིས་ཡོད་ཅེས་བཤད་ཡོད་དམ།

    བཀྲ་བདེས་ཁོའི་རྒྱབ་ནས་མཱ་ཞའོ་ཐིའོ་ལ་ཤེད་ཀྱིས་རྡོག་ཐོ་ཞིག་བརྒྱབ།

    གནད་དོན་གསུམ་པ་ནི་མ་སྒྲོན་ཁྱོད་ཀྱིས་ཁ་རྩང་ཀླུ་སྨན་གྱིས་རྫུན་བཤད་འདུག་ཅིང་རྫུན་བཤད་ན་ཨ་ཙ་རའི་རྣམ་པ་ལྟར་དུ་འགྱུར་ངེས་ཡིན་ཞེས་བཤད་ཡོད་དམ།

     མ་སྒྲོན་གྱི་ལག་པ་མཱ་ཞའོ་ཐིའོ་ཡི་རྒྱབ་ལ་བསྲིངས་ཏེ་ཁོའི་མཚང་རའི་ཤ་རྡོ་ལ་བཟུང་སྟེ་ཤེད་ཀྱིས་གཅུས།

    ཨ་ན་ན།

    མཱ་ཞའོ་ཐིའོ་ཡིས་ཉམ་ཐག་ང་རོ་འབོད་བཞིན་འདུག

    ཅི་ལས་གྱིན་ཡོད། གཞུང་ལས་ཁང་ན་བརྩེངས་རུང་ད་དུང་པྲ་ཚག་བཞིན་འདུག

    མི་བཞི་བོ་ཅུང་གཞུང་དྲང་སྒོས་བསྡད་དེ་དགེ་རྒན་གྱིས་བཤད་པར་ཉན།

    གནད་དོན་བཞི་བ་ཞེས་མགོ་ཕྱུང་མ་ཐག་དགེ་རྒན་ཆོས་སྐྱིད་ཀྱི་ངོ་མདོག་ཅུང་ནག་པའི་ཚུལ་ལ་བལྟས་ན་ཅུང་བྱ་བ་ཚབས་ཆེན་ཡིན་པར་མཚོན་ཐུབ། ཐང་ལྷ། ཁྱོད་རང་གིས་སུའི་ཁ་ནང་ནས་ཀླུ་སྨན་ངའི་གཉེན་ཉེ་ཡིན་པ་གོ་བ་ཡིན་ནམ་ཞེས་དྲིས།

    དགེ་རྒན་ཆོས་སྐྱིད་ཀྱིས་ཐང་ལྷ་ལ་མིག་ཅེ་རེ་བལྟས་པས་ཐང་ལྷ་ཅི་བྱ་གཏོལ་མེད་དུ་གྱུར།

    ངས་སུའི་ཁ་ནང་ནས་གོ་བ་མིན། ངས་སྨྱོན་བཤད་ཁོ་ན་ཙམ་བྱས་པ་ཡིན་ཟེར།

    ཐང་ལྷ་དབང་མེད་སྒོས་མིག་ཆུ་བཞུར་བཞིན་འདུག

    སྐབས་དེར་དགེ་རྒན་ཆོས་སྐྱིད་ཚོགས་འདུ་འཚོགས་རན་པས། ཁྱོད་ཚོས་ཡུལ་ལ་སོང་ནས་སྐྱོན་ཞིབ་ཞུ་ཡིག་རེ་ཕྲིས་དང་། སང་ཉིན་ང་ཚོས་དོན་འདི་ལ་ཐག་གཅོད་བྱ་ཞེས་ཁོ་ཚོ་མངགས།

    ཁོ་ཚོ་གཞུང་ལས་ཁང་ནས་ཕྱིར་འབུད་སྐབས་མགོ་སྒུར་ཞིང་གཞུང་དྲང་བས། ནོར་འཕྲུལ་ངོ་མ་ཡོད་པའི་མི་ཞིག་དང་འདྲ་ཡང་། དགེ་རྒན་ཆོས་སྐྱིད་ཀྱི་འདྲེན་བྱེད་མིག་ལམ་ལས་གྱེས་མ་ཐག་མཱ་ཞའོ་ཐིའོ་ནི་རི་དྭགས་ཤིག་ལས་རྒོད་ཅིང་མགྱོགས།

    བཀྲ་བདེ་དང་། མ་སྒྲོན། ཐང་ལྷ་རྣམས་མཱ་ཞའོ་ཐིའོ་ཡི་རྗེས་སུ་བདས་ཏེ་ཁོ་ལ་གཉོག་འདོད།།

རྩོམ་སྒྲིག་པ། ཚེ་པེ།