འདྲ་མཉམ་གྱི་ཐོབ་ཐང་།

རྩོམ་པ་པོ།   དུས་ཚོད།   2019-02-26   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              ཕོ་མཆོག་མོ་དམན་གྱི་ལྟ་ཚུལ་ཁྲིམས་མཐུན་ཡིན་ནམ།

            【གྱོད་དཔེ།】

             སློབ་གྲྭ་ག་གེ་མོས་གྲངས་རིག་དགེ་རྒན་བསྡུ་བར། ཡིག་ངག་གཉིས་ཀྱི་རྒྱུགས་བླངས་མཐར་སྒྲོལ་མ་ཨང་དང་པོ་དང་བཀྲ་ཤིས་ཨང་གཉིས་པ་ཡིན། འོན་ཀྱང་། སློབ་གྲྭས་བཀྲ་ཤིས་དགེ་རྒན་དུ་བླངས། སྒྲོལ་མས་ལས་ཀྱི་སྣེ་མོ་བ་བཙལ་ནས་རྒྱུ་མཚན་དྲིས་ཀྱང་། གྲངས་རིག་དགེ་རྒན་བསྡུ་བར་ཕོ་མཆོག་གི་ལྟ་ཚུལ་བཏོན། སྒྲོལ་མས་སློབ་གྲྭས་འདྲ་མཉམ་གྱི་ཐོབ་ཐང་བཅའ་ཁྲིམས་རྡོག་རོལ་ཏུ་བཏང་བར་འདོད། དེ་ལྟ་བས་ན། སློབ་གྲྭས་ཕོ་མཆོག་མོ་དམན་གྱི་ལྟ་ཚུལ་བཏོན་པ་ཁྲིམས་མཐུན་ཡིན་ནམ།

           【བཅའ་ཁྲིམས་དབྱེ་ཞིབ།】

རྩ་ཁྲིམས་དོན་ཚན་སོ་གསུམ་པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཐམས་ཅད་བཅའ་ཁྲིམས་ཀྱི་མདུན་དུ་འདྲ་མཉམ་ཡིན་པ་གཏན་ལ་ཕབ་ཡོད། དེ་བས། སློབ་གྲྭས་ཕོ་མཆོག་མོ་དམན་གྱི་ལྟ་ཚུལ་བཏོན་པ་ཁྲིམས་མཐུན་མིན། གྲངས་རིག་དགེ་རྒན་ལ་ཕོ་མོའི་དབྱེ་བ་མེད་པས་སྐྱེས་མ་ཚོར་ཁྱད་གསོད་བྱེད་པ་གསལ་བོ་རེད། སློབ་གྲྭའི་ལྟ་ཚུལ་དེས་སྒྲོལ་མའི་འདྲ་མཉམ་གྱི་ཐོབ་ཐང་རྡོག་རོལ་ཏུ་བཏང་བ་རེད།

          【བཅའ་ཁྲིམས་ཀྱི་ཤེས་བྱ།】

རྩ་ཁྲིམས་དོན་ཚན་སོ་གསུམ་པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ཞིག་ཡིན་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡོད་དོ་ཅོག་བཅའ་ཁྲིམས་ཀྱི་མདུན་དུ་འདྲ་མཉམ་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་ཁྲིམས(འོག་ནས《ངལ་རྩོལ་ཁྲིམས》ཞེས་འབོད)ཀྱི་དོན་ཚན་བཅུ་གསུམ་པར། བུད་མེད་ཚོས་སྐྱེས་པ་ནང་བཞིན་ལས་ཞུགས་ཀྱི་ཐོབ་ཐང་ལོངས་སུ་སྤྱད་ཆོག ཅེས་བཤད།

          【མཆན།】

           ཐོབ་ཐང་། ལུས་སྲོག་དང་རང་དབང་དང་རྒྱུ་ནོར་བཅས་ཀྱི་ཐད། རིས་མེད་སྐྱེས་བུ་རེ་རེར་རང་ཆས་སུ་མངའ་ཞིང་། སུ་ཞིག་གིས་འཕྲོག་བཅོམ་མི་ཆོག་ལ། སོ་སོས་ཀྱང་འདོར་བཤུག་མི་རུང་བ་སྟེ། དེ་ལ་མིང་ཞིག་བཏགས་པར་ཐོབ་ཐང(权利/rights)ཟེར།

རྩོམ་སྒྲིག་པ།  ཚེ་པེ།