པཎ་ཆེན་སྐུ་ཕྲེང་བཅུ་པའི་རྒྱལ་གཅེས་དགོངས་པའི་དཔྱད་གླེང་ཚོགས་འདུ།

རྩོམ་པ་པོ།   དུས་ཚོད།   2019-01-30   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།

         སྤྱི་ཟླ་༡པོའི་ཚེས་༢༨ཉིན། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་རྒྱལ་གཅེས་དགོངས་པའི་རིག་གཞུང་དཔྱད་གླེང་ཚོགས་འདུ་པེ་ཅིན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཚོགས་ཡོད་པ་རེད།

         གྲོས་ཚོགས་དེ་ཀྲུང་གོའི་བོད་རིག་པ་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་ལགས་ཀྱིས་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་བློ་མཐུན་སྲི་ཐར་དང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡན་ཅའོ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཁུ་པ་ཏེང་ཐེ་བཅས་ཀྱིས་སྔ་རྗེས་སུ་གསུང་བཤད་གནང་ཡོད་པ་རེད། ཀྲུང་གོའི་བོད་སྐད་ཡིག་མཐོ་རིམ་ནང་བསྟན་སློབ་གླིང་གི་འགོ་འཛིན་གཞོན་པ་མཐུ་སྟོབས་སེང་གེ་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དཔལ་འབར་རྡོ་རྗེ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཀྲང་ཡུན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཞུས་ཆེན་མགོན་པོ་གཡུལ་རྒྱལ་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ཡོད་པ་རེད། བོད་རིག་པའི་ལས་རིགས་ནས་ཕེབས་པའི་རིགས་གཅིག་མཁས་པ་དང་རིག་གནས་པ། ཆོས་ལུགས་ལས་རིགས་ཀྱི་སྐུ་ཚབ། དེ་བཞིན་པཎ་ཆེན་སྐུ་ཕྲེང་བཅུ་པའི་གཉེན་ཉེའི་སྐུ་ཚབ་སོགས་མི་བརྒྱ་ལྷག་ཙམ་ཞིབ་བསྡུར་ཚོགས་འདུར་ཞུགས་ཡོད་པ་རེད།

         གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ་༡པའི་ཚེས་༢༨ཉིན། ད་དུང་པེ་ཅིན་ཀོང་ཅི་དགོན་པ་དང་། དགའ་ལྡན་བྱིན་ཆགས་གླིང་། དགོན་པ་སེར་པོ་བཅས་སུ་ཁག་སོར་རྗེས་དྲན་སྨོན་ལམ་འཚོགས་ཡོད་པ་རེད།

         སྤྱི་ལོ་༡༩༨༩ལོའི་ཟླ་དང་པོར། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་བོད་ལྗོངས་གཞིས་རྩེ་བཀྲ་ཤིས་ལྷུན་པོ་དགོན་པར་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པའི་བར་གྱི་སྐུ་གདུང་ལྷན་བཞུགས་ཀྱི་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་གྱི་རབ་གནས་མཛད་སྒོ་གཙོ་སྐྱོང་གནང་བར་ཕེབས་པ་དང་། སྤྱི་ཟླ་༡པོའི་ཚེས་༢༨ཉིན། མཛད་བྲེལ་ཆེ་དྲགས་པའི་རྐྱེན་གྱིས་གློ་བུར་དུ་མགུལ་སྙིང་ལ་བསྙུན་གཞི་བཞེས་ནས་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་དང་། དགུང་ལོ་༥༡ལ་ཕེབས་ཡོད་པ་རེད། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ནི་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་དང་། སྐད་གྲགས་ལྡན་པའི་རྒྱལ་དོན་གནང་སྒོ་མཁས་ཅན། ཀྲུང་གོ་གུང་ཁྲན་ཏང་གི་བློ་དཀར་སེམས་དཀར་གྱི་གྲོགས་པོ། ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་གཙོ་འཛིན་བཅས་ཡིན།


རྩོམ་སྒྲིག་པ། ཚེ་པེ།