དམུ་དགེ་ཞེས་པའི་མིང་གི་བྱུང་བ།

རྩོམ་པ་པོ།   དུས་ཚོད།   2019-01-22   རྩོམ་ཁུངས།    རྔ་བའི་གསར་འགྱུར

           

              དམུ་དགེའི་ཡུལ་འདི་བོད་ཡུལ་ཡིན་མོད། ཐང་རྒྱལ་རབས་དར་བའི་སྐབས་སུ། ཐང་དམག་གིས་བོད་མི་མཐར་འདེད་བྱས་ཏེ་ཐང་དམག་གིས་བཟུང་བའི་མཁར་ཤུལ་ཡོད། བོད་ཀྱི་ལྷ་བཙན་པོའི་དམག་གིས་ཐང་དམག་མཐར་སྐྲོད་བཏང་བའི་རྗེས་སུ་རིམ་གྱིས་བོད་མི་དག་འདུས་ཏེ་ཡུལ་ཚོ་ཞིག་ཆགས། ཡུལ་དེའི་བྱང་ཕྱོགས་སུ་ཨ་ཞིག་སྒོམ་ཁང་ཟེར་བའི་བྲག་ཁུང་ཞིག་ཡོད། དེའི་ནང་དུ་སྔར་བོན་པོའི་ཨ་ཞིག་གི་རི་ཁྲོད་པ་ཞིག་ཡོད་པ་དེའི་འཚོ་རྟེན་དུ་ར་ལུག་ཁ་ཤས་ཡོད་པ་དམུ་དགེའི་རྐུན་ཇག་རྣམས་ཀྱིས་རྐུ་འཕྲོག་བྱས་སྟབས། བོན་པོའི་ཨ་ཞིག་དང་སྣང་ཞིག་ཟླ་བསྒྲིལ་གྱིས་དམོད་མོ་བྱས་ཀྱང་དམུ་དགེའི་ཡུལ་སྡེ་རྣམས་ཇེ་དར་དུ་སོང་གཤིས། དེ་ཕྱོགས་ཀྱི་མི་རྣམས་ཀྱིས་དེ་ལ་དམོས་ན་དགེ་འདུག་ཟེར་ནས། དམོད་དགེ་ཞེས་པའི་མིང་ཆགས། དེང་སང་ཡང་ཟུང་ཆུ་ཕྱོགས་ཀྱི་མི་རྣམས་ཀྱིས་དམོད་དགེ་ཞེས་འབོད། འོན་ཀྱང་འབྲོག་ཕྱོགས་སུ་སྒྲ་གདངས་དྲག་པའི་རྐྱེན་གྱིས་བརྡ་འགྱུར་ཏེ། དམུ་དགེ་ཞེས་གྲགས། དམུ་ཐག་ལྷ་ཡིས་བཟུང་ཞིང་དགེ་བཅུ་ཡུལ་ལ་ཚང་བའི་དོན་ཡིན་ཞེས་དེང་སང་ཚང་མས་དམུ་དགེ་ཞེས་འབོད་པ་དང་། ལོ་རྒྱུས་སོགས་སུ་དེ་ལྟར་བྲིས་དང་འབྲི་བཞིན་ཡོད།

རྩོམ་སྒྲིག་པ།  ཚེ་པེ།