ཐེ་བོ་ཞེས་པའི་མིང་གི་བྱུང་བ།

རྩོམ་པ་པོ།   འབྲིང་བ་སྐམ་པོ།དུས་ཚོད།   2019-01-10   རྩོམ་ཁུངས།   

           ཡུལ་མདོ་སྨད་ཕྱོགས་ཁའི་མི་རྒྱུད་བྱིངས་ནི་བོད་བཙན་པོའི་དུས་སུ་སོ་མཚམས་སྲུང་བའི་དམག་གི་རྒྱུད་པ་ཡིན་པར།  གནའ་དེང་གི་ལོ་རྒྱུས་སྨྲ་བ་ཀུན་ཞལ་མཐུན།   མདོ་སྨད་ཀྱི་རོང་ཆེན་བཞིའི་ལེ་ལག་ཐེ་བོའི་མི་རྒྱུད་ཀྱང་བཙན་པོའི་མཐའ་མཚམས་སྲུང་བའི་དམག་གི་རྒྱུད་པ་ཡིན་པའང་རྩོད་དུ་མེད།   ད་ལྟ་ང་ཚོའི་ཐེ་བོའི་ཕྱོགས་ཀྱི་སྐྱེ་བོ་བྱིངས་ཀྱི་ཁ་རྒྱུན་དུ་སྡེ་བ་ལ་རུ་བ་ཟེར་ཞིང་།   དེབ་དཀར་དུ།  རུ་ནི་བརྡ་རྙིང་ལ་དམག་གི་མིང་ཡིན་ཞིང་།  དམག་དཔོན་ལ་རུ་དཔོན།  ཞེས་གསུངས།   

        《མདོ་སྨད་ཆོས་འབྱུང》ལས།   དེ་ཡང་ཁྲི་རལ་བ་ཅན་གྱིས་ཙོང་ཁར་དམག་གི་གཟི་བྱིན་བསྐྱེད་པའི་དར་བོ་ཆེ་ཕྱར།   དམག་རྩིས་དང་གོ་བཤེར་མཛད་དུས་དར་བ་ཟེར་བས་གཡག་ཆེན་པོ་གཉིས་མཆན་ཁུང་དུ་བཅུག་སྟེ།   ས་ལ་མ་རེག་པར་ཁྱེར་བས།    ཅེན་དར་བ་གཡག་ཁུར་ཞེས་མིང་ཐོགས་པ་དང་།    དམག་སྡེ་ཐམས་ཅད་ལས་དེ་བུད་པས།    དེ་བུད་དུ་ཐོགས།   རྒྱ་བོད་ཀྱི་ས་མཚམས་གནོན་པའི་རུ་དཔོན་དུ་བསྐོས།   ཐེབ་ཇུས་བྲག་དཀར་གཉན་གྱི་ཕོ་བྲང་ལ་བཙན་མཁར་བརྩིགས་ཏེ།   མདོ་སྨད་ཀྱི་མི་དཔོན་བྱས།   ཞེས་གསུངས་པ་དང་།    《གུང་ཐང་བསྟན་པའི་སྒྲོན་མེའི་རྣམ་ཐར》དུ།   དེ་ཕུད་གཡག་ཁུར་དུ་གྲགས་པ་རྒྱའི་ཁ་གནོན་དུ་བཞག་སྟེ་ཐེབ་ཇུ་བྲག་དཀར་གཉན་གྱི་ཕོ་བྲང་དུ་མཁར་བཟུང་ནས་བསྡད་པའི་ལྷོ་ཕྱོགས་ཐེ་བོ་སྟོད་སྨད་གཉིས་སུ་གྲགས་པ་ལས།   ཐེ་བོ་སྟོད་མ་ཞེས་པ་རི་བྲག་གི་ས་ཆར་གནས་ཤིང་།   དཔའ་རྩལ་ངོམ་པའི་དུད་ཚང་ཁྲི་ཕྲག་བརྒལ་བའི་ཡུལ་གྲུ་དེ་ལས་འབྲེང་བ་ཞེས་པ་ཆད།    ཅེས་གསུངས།    

          མི་རྒན་ཚོའི་ཁ་རྒྱུན་དུ།   ཐེའུ་ཆུའི་བྲག་སྒོའི་གཡས་གཡོན་གཉིས་ནས་བྲག་མཐེ་བོང་འདྲ་བ་གཉིས་ཡར་ལངས་ནས་ཡོད་པ་ལས་ཐོགས་ཚུལ་དང་།      བོད་བཙན་པོའི་དམག་དཔུང་རྒྱ་ནག་ལ་འདྲེན་སྐབས་ཐེའུ་ཆུའི་རྫ་ར་དཀར་བོའི་བྱང་ངོས་ནས་བརྒྱབ་པ་ཞིག་ཡིན་ཏེ་ཏུང་ཧོང་ཡིག་རྙིང་ལས།  ཟོང་ཆུ་དང་ཐེའུ་ཆུར་དྲངས། ཞེས་སྔ་ཕྱི་གཉིས་བྱུང་བ་དང་། ཡང་ཏེའུ་ཅུར་དྲ་མ་དྲངས་ཚུལ་དང་། ཏེའུ་ཅུའི་མཁར་ཕབ་ཚུལ་སོགས་གསལ་བ་དེ་དོན་ལ་ཐེའུ་ཆུ་ཡིན་པར་སྣང་།   བོད་དམག་རྣམས་གནས་འདིར་འབྱོར་དུས་རྒྱང་རིང་བོ་ནས་བྲག་རི་དཀར་བོ་ཐེའུ་འདྲ་བ་གཉིས་མཁའ་དབྱིངས་སུ་བསྙེགས་པ་མཐོང་བས་ན། དེ་ལ་ཐེའུ་ཞེས་བཏགས།  ཞེས་འབྱུང་།    སྔོན་ཆད་ཡི་གེ་ལ་སྔོན་རྗེས་ཀྱི་སྒྲ་ཟུར་མྱུར་བར་ཀློག་དགོས་ཤིང་།   ཕྱིས་སུ་སྒྲ་ཟུར་མི་ཐོན་པས་ཐེའུ་ཞེས་པའི་སྒྲའི་ཐེ་དང་འུ་མྱུར་བར་མི་ཐོན་པས་ཐེ་བོ་ཞེས་པའི་མིང་བྱུང་བ་ཡིན་ཞེས་བཤད་ན་རྒྱུ་མཚན་མེད་པ་མིན་ཏེ།  ང་ཚོའི་ཐེ་བོའི་ཡུལ་སྐད་དུ་ཞབས་ཀྱུ་ཕལ་ཆེར་ན་རོར་འདོན།  ལོ་རྒྱུས་སོགས་སུ་གསུངས་པ་ཉིན་མོའི་སྐར་མ་དང་རུས་སྦལ་གྱི་སྤུའི་ཟླ་རུ་གྱུར་པས་དཔྱད་གཞི་ཙམ་དུ་བཀོད་པ་ཡིན།      ད་རུང་ཁུངས་མེད་པར་འདོད་ན།     མེར་གེན་མཁན་པོ་ཡེ་ཤེས་རྣམ་རྒྱལ་ན་རེ།   བསྟན་པ་སྔ་དར་དུས་སུ་ཡི་གེ་ལ་སྔོན་རྗེས་ཅི་ཙམ་བརྩེགས་ཀྱང་སྒྲ་ཟུར་ཐོན་ཙམ་དུ་མྱུར་བར་འདོན་དགོས་ལ།     ཕྱིས་སུ་སྐད་ཀྱི་ཟུར་མི་ཐོན་པ་རྣམས་ཀྱིས་ཀྱེ་ཞེས་པའི་སྒྲའི་ཀ་དང་ཡ་མྱུར་བོར་མི་ཐོན་པས་ཀ་ཡེ་ཞེས་བཀླགས་ནས་བོད་པའི་སྒྲ་བྱུང་།  ཞེས་གསུངས།   

          སྔར་བཤད་པ་ལྟར།    དར་བ་གཡག་ཁུར་ནི།    དམག་སྡེ་ཐམས་ཅད་ལས་དེ་བུད་པས།  དེའི་མིང་ལ་དེ་བུད་དམ་དེ་ཕུད་དུ་གྲགས་པ་ལོ་རྒྱུས་དང་རྣམ་ཐར་སོགས་སུ་གཅིག་ངོ་གཅིག་འཕྲོད་པས་མི་གཅིག་གིས་བྲིས་པ་དང་མཚུངས།       ཐེ་བོའི་ཕྱོགས་ཀྱི་སྐད་ཀྱི་གདངས་ལ་དེ་དང་ཐེ་གཉིས་སྒྲ་ཤིན་ཏུ་ཉེ་བས།   ཕྱིས་སུ་བརྡ་འགྱུར་ནས་ཐེ་བོ་ཞེས་ངག་ཏུ་འབོད་ཅིང་ཡིག་ཐོག་ཏུ་དེ་ལྟར་འབྲི་སྲོལ་དར།   བརྡ་འགྱུར་བ་ནི་ཐེ་བོ་ཙམ་དུ་མ་ཟད།   གཞན་ཡང་མང་སྟེ།   《ཐུའུ་བཀན་གྲུབ་མཐའ》ལས།   པྲ་སྟི་ནི་པྲ་སྡེ་བརྡ་འགྱུར་བ།  ཞེས་གསུངས་པ་དང་།   ཨ་ལགས་དམུ་དགེའི་རང་རྣམ་དུ།   དམུ་དགེ་ལ་དམོད་དགེ་ཟེར།  ཞེས་གསུངས།   ཁམས་ཀྱི་མགར་ཐར་ལ་འགའ་ཐ་ཟེར་བ་ལྟ་བུ་མང་ངོ་།  །  

མི་ཡུལ་གྱི་ངུ་སྐད་ཐོག་མ།

ཟླ་དགུ་ཞག་བཅུ་འཁོར་བའི།

མེ་མོ་བྱ་ལོའི་ལོ་སར་ཚེས་དྲུག་ཉིན།

ཁྱོད་ཀྱི་ཆེས་ཐོག་མའི་ངུ་སྐད་ཀྱིས།

མི་ཡུལ་གྱི་ལྷིང་འཇགས་བསྒུལ་སོང་བར་གྲགས།

དེ་དུས།

ཐོ་རེངས་བུ་མོས་དཀར་གསལ་གྱི་འོད་སྣང་སྤྲོས་ཤིང་།

ཁ་བའི་མེ་ཏོག་གིས་དགའ་བའི་སྟངས་སྟབས་བསྒྱུར་ཏེ།

ཁྱོད་རང་མི་ཡུལ་དུ་སླེབས་པ་བསུ་མར་བྱེད།

དེ་ནི།

ཁྱོད་ཀྱི་རྣམ་དཔྱོད་མཁའ་མཐའ་ལས་ཡངས་ཤིང་།

སེམས་པ་གངས་རི་ལྟར་དཀར་བའི།

རྟེན་འབྲེལ་མ་བསྒྲིགས་རང་འགྲིག་དེ་ཡིན།

ཁྱོད་ཀྱི་ཆེས་ཐོག་མའི་ངུ་སྐད་ནི།

གཟུངས་མཆོག་མ་ཎི་དྲུག་མ་དང་ཡི་གེ་དབྱངས་གསལ་སོར་བཞི་ཡིན།

ཁྱོད་ཀྱི་ཆེས་ཐོག་མའི་ངུ་སྐད་ནི།

ཕ་ཞིག་གི་ཁོག་གི་སྙིང་དང་མ་ཞིག་གི་དཔྲལ་བའི་མིག་ཡིན།

ཁྱོད་ཀྱི་ཆེས་ཐོག་མའི་ངུ་སྐད་ནི།

ཕ་ཡུལ་གྱི་ནམ་མཁའ་ཡིན་ལ་རི་ར་བ་ཁང་ཁྱིམ་ཡང་ཡིན།

ཁྱོད་ཀྱི་ཆེས་ཐོག་མའི་ངུ་སྐད་ནི།

གནམ་ལོ་གསར་བའི་ལེགས་སྐྱེས་ཆེས་སྙིང་རྗེ་བོ་དེའོ།  །

 

རྒས་སླ།                                       

ང་ཚོའི་མི་རིགས་འདི་ཨ་གསར་ལ་དགའ་བས། མི་རིགས་འདི་རྒས་སླ།

ཨ་གསར་ལ་དགའ་བ་ནི་མྱིའི་རིགས་གཤིས་སུ་གྲུབ་མོད།

ཡིན་ནའང་།

ང་ཚོ་དགའ་སའི་ཨ་གསར་དེ་རྨོངས་དད།

ཅལ་འདྲོགས།   ཧམ་སེམས།    ཧོར་རྒྱུགས་ཁོ་ན།

དེའི་རྐྱེན་ཀྱིས།

འུ་ཅག་ཨ་གསར་དང་རྒྱབ་འགལ་དུ་སོང་བས།

ལུས་ལ་བརྩོན་ཞིང་དཔའ་རྩལ་འཛོམས་པའི་མི་རིགས་འདིའི་ཁྱད་ནོར་གང་མང་ཞིག

གོ་མེད་ཚོར་མེད་ངང་རྒས་ཟིན།

འདི་ནི་ཆོས་ཉིད་ཅིག་ཡིན་ནམ།

རྒྱུ་རྐྱེན་གཞན་ཞིག

གང་ལྟར

ང་ཚོའི་མི་རིགས་འདི་རྒས་སླ་བས།

འཇིག་ཀྱང་སླ།

དེ་ནི་ཆོས་ཉིད་ཀྱིས་ང་ཚོར་བསྩལ་བའི་བཟློག་མེད་གྱི་ཐམ་ག་ཞིག

རྩོམ་སྒྲིག་པ།  ཚེ་པེ།