འགྲིམ་འགྲུལ་ནི་ཕྱུག་འགྱུར་གྱི་ལམ་ཁར་བསྐྱོད་པའི་རྩ་བ་ཡིན།

ཁུལ་སྐབས་བཅུ་གཉིས་པའི་དམངས་འཐུས་ཀྱི་འཐུས་མི་དང་། ཧུང་ཡོན་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་འཇམ་དབྱངས་བློ་གསལ་ལ་བཅར་འདྲི་བྱས་པ།

རྩོམ་པ་པོ།   མགོན་པོ་བཀྲ་ཤིས། དུས་ཚོད།   2019-01-07   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            རང་ཁུལ་གྱི་འཐུས་མི་དང་ཨུ་ཡོན་རྣམས་གནམ་ལོ་གསར་ཚེས་ཀྱི་དུས་ཀྱི་ཕོ་ཉ་དང་འགྲོགས་ནས།   མི་དམངས་ཀྱི་སེམས་གཏམ་དང་བྱ་བའི་གྲུབ་འབྲས།  མ་འོངས་པའི་འཆར་གཞི་བཅས་སེམས་སུ་རུམ་ནས་རྔ་ཁུལ་གྱི་ཚོགས་ཆེན་གཉིས་ལ་ཞུགས།    གསར་འགོད་པར་གཞི་རིམ་གྱི་འཐུས་མི་དང་ཨུ་ཡོན་ཚོའི་སེམས་གཏམ་སོགས་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་བསྩལ།  

           བཅོས་བསྒྱུར་ཚུན་ཆད་ནས་རང་ཁུལ་གྱིས་དཀའ་མོའི་ཚེགས་དང་དཀོན་མོའི་རྒྱུ་ཕངས་མེད་དུ་བཏང་ནས་འགྲིམ་འགྲུལ་འཕེལ་རྒྱས་ཀུན་གྱི་རྩ་བར་བཟུང་བས།  དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་དཔལ་འབྱོར་བྱ་འཕུར་ལྟར་གོང་ནས་གོང་འཕེལ།  དུས་རབས་གསར་བར་རང་ཁུལ་གྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་སོགས་ལེགས་པར་བསྐྲུན་པས་རྣམ་པ་གསར་བ་དང་གྲུབ་འབྲས་གསར་བས་ཀུན་ནས་བརྟས་དང་རྟས་ཀྱིན་གདའ། 

གཅིག   འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས། 

          འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་ནི་ཐོན་སྐྱེད་དང་འགྲོ་འོང་སྟབས་བདེ། ས་གནས་སོ་སོའི་དཔལ་འབྱོར་ཡུན་ནས་ཡུན་དུ་འཕེལ་བ་དང། དམངས་བྱིངས་ཀྱི་འཚོ་བའི་ཆ་རྐྱེན་དང་ཡོང་འབབ་བཅས་ཡར་རྒྱས་ཡར་དར་ཡོང་བའི་རྨང་གཞི་ཡིན།    

          སྔོན་ཆད་འབྲོག་ཁུལ་དུ་གཞུང་ལམ་དང་འཕྲུལ་ཆས་མེད་པར་ཅ་ལག་ཡོད་ཚད་མི་ཤུགས་དང་རྟ་ནོར་ལ་བཀལ་ནས། ཀྱག་ཀྱོག་གི་ལམ་ཕྲན་བརྒྱུད་དེ་ཕར་སྐྱེལ་ཚུར་སྐྱེལ་བྱེད་དགོས་པས་དཔལ་འབྱོར་འཕེལ་བ་ཤིན་ཏུ་དལ། ལོ་ཤས་རིང་། རང་ཁུལ་གྱིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་བསྐྲུན་པར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་མཐོང་ཆེན་བྱེད།  ཧུང་ཡོན་རྫོང་གིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་བསྐྲུན་པ་དང་། ཞིག་གསོ་ཆེ་མ་ཆུང་གསུམ་བྱེད་པའི་མཐེབ་ལ་སྒོར་བྱེ་བ་གཅིག་ལྷག་གི་འགྲོ་སོང་བཏང་སྟེ། ད་ལོའི་ཟླ་བ་བཞི་བའི་ནང་ཚུན་དུ་ཡུལ་ཚོ་དང་གྲོང་རྡལ་བཅུ་གཅིག་གི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་ཡོངས་སུ་བསྐྲུན་ཚར་ཐུབ་པར་བཤད། ཁུལ་སྐབས་བཅུ་གཉིས་པའི་དམངས་འཐུས་ཀྱི་འཐུས་མི་དང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་འཇམ་དབྱངས་བློ་གསལ་ན་རེ། ས་གནས་ཤིག་ཡར་ནས་ཡར་དར་འགྲོ་དགོས་ན་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་ནི་འཕེལ་རྒྱས་ཀྱི་གདུང་འདེགས་ཀ་བ་ལྟ་བུ་ཡིན། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་ཡག་པོ་ཞིག་མེད་ན་ནང་གི་ཐོན་རྫས་ཕྱིར་ལ་འདྲེན་མི་ཐུབ་ཅིང་ཕྱིའི་འགྲུལ་པ་ནང་དུ་ཡོང་མི་ཐུབ། དེ་བས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་ཆ་ཀུན་ནས་བསྐྲུན་རྒྱུ་ཁ་ཚ་དགོས་གཏུགས་ཀྱི་ལས་ཀ་ཞིག་ཡིན། ཞེས་བཤད། 

གཉིས། འགྲིམ་འགྲུལ་ནི་ཕྱུག་འགྱུར་གྱི་ལམ་ཁར་བསྐྱོད་པའི་སྔོན་འགྲོ་ཡིན།

         དབུལ་སྐྱོར་གནད་དུ་འཁེལ་མིན་དང་དབུལ་བྲལ་ཕྱུག་འགྱུར་དུ་བསྐྱོད་ཐུབ་མིན་གྱི་འགག་རྩ་འགྲིམ་འགྲུལ་ལ་རག་ལས་པ་ཡིན། ཐོན་ལས་འཕེལ་རྒྱས་ནི་དབུལ་བྲལ་ཕྱུག་འགྱུར་གྱི་ཕྱར་བ་གྲུ་འདེགས་ཡིན། འབྲོག་ཁུལ་གྱི་ཐོན་ལས་ལ་འོ་མ་དང་ཤ་མར། རྩིད་པ། ཁུལ་སོགས་ཡོད་པས་ཐོན་ལས་འདི་དག་ཐོན་སྐྱེད་དང་ལས་སྣོན་བྱས་ནས་ཕྱིའི་ཁྲོམ་རར་འདྲེན་ཐུབ་མིན་འགྲིམ་འགྲུལ་རྩ་བ་ཡིན། ཧུང་ཡོན་རྫོང་གིས་འབྲོག་ལས་ཐོན་སྐྱེད་ལམ་སྟེ་འོ་ལམ་གསར་དུ་བསྐྲུན་ཏེ་འབྲོག་པའི་ཐོན་ལས་གོང་དུ་འཕེལ་བས་དབུལ་བྲལ་ཕྱུག་འགྱུར་གྱི་ལམ་ཁར་བསྐྱོད་པར་ཕན་ཆེན་པོ་ཐོགས། འཐུས་མི་འཇམ་དབྱངས་བློ་གསལ་ན་རེ། ཉེ་བའི་ལོ་ལྔའི་རིང་། འབྲོག་པའི་ཐོན་ལས་གོང་དུ་འཕེལ་བར་དམིགས་ནས་འོ་ལམ་བསྐྲུན་པའི་མཐེབ་ལ་སྒོར་བྱེ་བ་བདུན་ལྷག་གི་འགྲོ་སོང་བཏང་སྟེ། འོ་ལམ་ལེ་དབར་1900ལྷག་གསར་དུ་བསྐྲུན་པ་ཡིན། འོ་ལམ་ནི་ཧུང་ཡོན་འབྲོག་དམངས་ཕྱུག་འགྱུར་གྱི་ལམ་ཁར་བསྐྱོད་ཐུབ་མིན་གྱི་འགག་རྩ་ཡིན། ཅེས་བཤད། ད་ལྟ་འབྲོག་པའི་འོ་མ་དང་ཞོ་སོགས་འོ་ལམ་ཙམ་དུ་མ་ཟད། མཁའ་ལམ་དང་མྱུར་ལམ་སོགས་བརྒྱུད་ནས་རྒྱ་ནང་གི་ཁྲོམ་རར་བཙོངས་དང་འཚོང་བཞིན་པའི་སྒང་ཡིན། འབྲོག་དམངས་ཕྱུག་འགྱུར་གྱི་ལམ་ཁར་བསྐྱོད་པར་ཐོན་རྫས་ལ་བརྟེན་དགོས་ཤིང་། ཐོན་རྫས་ཁྲོམ་རར་འགྲེམ་པར་འགྲིམ་འགྲུལ་རྩ་བ་ཡིན། དེ་བས་འགྲིམ་འགྲུལ་ནི་ཕྱུག་འགྱུར་གྱི་ལམ་ཁར་བསྐྱོད་པའི་སྔོན་འགྲོ་ཡིན།  

གསུམ། མ་འོངས་པའི་འགྲིམ་འགྲུལ་སྐོར་གྱི་འཆར་གཞི།  

         ཧུང་ཡོན་གནམ་གྲུ་ཐོག་མར་འཕུར་དུས་འབབ་ས་ཁྲེང་ཏུའུ་དང་ཁྲུང་ཆིན་གཉིས་ལས་མེད་ཅིང་། གཞུག་ནས་ལྷ་ས་དང་ཝུན་ཀྲོའུ་རུ་འཕུར་ཐུབ་པ་དང་། མ་འོངས་པར་གྲོང་ཁྱེར་ཧྲེན་ཀྲེན་དང་མེན་དབྱང་སོགས་སུ་འཕུར་ཐུབ། ཐད་འཕུར་གནམ་གྲུ་འཕུར་ཐུབ་པའི་ཕྱོགས་ལ་འཆར་གཞི་འདིང་བཞིན་ཡོད་པར་བཤད། འཐུས་མི་འཇམ་དབྱངས་བློ་གསལ་ན་རེ། ཁྲེང་ཏུའུ་ནས་ལན་གྲུ་བར་གྱི་མེ་འཁོར་ལམ་ཧུང་ཡོན་གསེར་དེའུ་རུ་བརྒྱུད་ནས་འགྲོ་བར་མ་ཟད། འབབ་ཚིགས་ཀྱང་ཡོད་པ་དང། ཁྲེང་ཏུའུ་ནས་ཟི་ལིང་བར་གྱི་མེ་འཁོར་ཧུང་ཡོན་གྱི་ཟངས་དཀར་དང་ཨ་མཆོག་བརྒྱུད་ནས་འགྲོ་བཞིན་ཡོད། དེ་བས། མཁའ་ལམ་གཅིག་དང་མེ་འཁོར་ལམ་གཉིས་མྱུར་ལམ་བཞི་བཅས་འཆར་འགོད་བྱེད་བཞིན་ཡོད། དེ་ལྟར་ཧུང་ཡོན་འབྲོག་པའི་ཐུན་མིན་གྱི་ཐོན་རྫས་ས་སྟེང་དང་ས་བླའི་འགྲིམ་འགྲུལ་བརྒྱུད་ནས། རྒྱ་ཕྱི་ནང་གི་ཁྲོམ་རར་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་འགྲེམ་ཐུབ་པའི་འཆར་གཞི་ཡོད་ལ་ཡིད་ཆེས་ཀྱང་ཡོད། ཅེས་གདེང་སྤོབས་དང་བཅས་དེ་སྐད་བཤད་དོ། །


རྩོམ་སྒྲིག་པ།  ཚེ་པེ།