མཛོད་དགེའི་བརླན་ས། སའི་གོ་ལའི་མཁལ་མ་ལྟ་བུ་ཡིན།

ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་མཛོད་དགེའི་བརླན་ས་སྲུང་སྐྱོབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་གཡང་ཕྱུག་ལ་བཅར་འདྲི་བྱས་པ།

རྩོམ་པ་པོ།   ནོར་བུ་ཚེ་རིང་་།དུས་ཚོད།   2019-01-06   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་མཛོད་དགེའི་བརླན་ས་སྲུང་སྐྱོབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་གཡང་ཕྱུག་གིས་ཉེ་བའི་ལོ་ཤས་རིང་གི་མཛོད་དགེའི་བརླན་ས་སྲུང་སྐྱོབ་ཀྱི་གནས་ཚུལ་དང་ལྷག་པར་དུ་ན་ནིང་བརླན་ས་སྲུང་སྐྱོབ་ཀྱི་གནས་ཚུལ་དངོས་དེ་རང་གི་བྱ་བའི་ཉམས་མྱོང་དང་སྦྲགས་ཏེ་གླེང་པ་འདིས། གཞི་རིམ་ལས་བྱེད་པ་ཞིག་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དངོས་ཡོད་ལས་ཀའི་དཀའ་སྡུག་དང་སེམས་ཁུར། ཕུགས་བསམ་དང་རེ་བ་ཉམས་སུ་མྱོང་ཐུབ་ལ། རྔ་བ་ཁུལ་གྱི་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་གྱི་འཐབ་ཇུས་དམིགས་འབེན་འགྲུབ་པར་འབད་བརྩོན་བྱེད་པའི་མོའི་ཆོད་སེམས་ཀྱིས་མི་སེམས་སྒུལ་ཐུབ།

མཛོད་དགེའི་བརླན་ས་སྲུང་སྐྱོབ་ས་ཁུལ། རི་སྐྱེས་སྲོག་ཆགས་ཀྱི་འཚོ་གཞིས་གལ་ཆེན་ཞིག                      

          གཡང་ཕྱུག་གིས་བཤད་རྒྱུར། མཛོད་དགེའི་བརླན་ས་སྲུང་སྐྱོབ་ས་ཁུལ་ནི་རྔ་བ་ཁུལ་དང་ཡང་ན་སི་ཁྲོན་ཞིང་ཆེན་གྱི་རིམ་པ་ཆེས་མཐོ་བའི་བརླན་ས་སྲུང་སྐྱོབ་ས་ཁུལ་ཞིག་རེད། བརླན་ས་སྲུང་སྐྱོབ་ཁུལ་འདི་ཚུགས་ནས་ལོ་འཁོར16ལོན་ཡོད། སྲུང་སྐྱོབ་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི16ལྷག་ཡོད། བརླན་ས་སླར་གསོ་བྱེད་རྒྱུ་ནི་ང་ཚོའི་ལས་ཀ་གཙོ་བོ་ཡིན། བརླན་ས་སྲུང་སྐྱོབ་ནི་རྒྱབ་ཁབ་ཀྱི་རོགས་སྐྱོར་མ་དངུལ་ལ་བརྟེན་དགོས་པས་རྒྱལ་ཁབ་ཀྱིས་ལོ་རེར་ཧ་ལམ་སྒོར་ཁྲི་སྟོང2ཙམ་གཏོང་གི་ཡོད། བརླན་ས་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ནི་ང་ཚོའི་མཐར་ཐུག་གི་དམིགས་ཡུལ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་འཛུགས་བསྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན་པས་བརླན་ས་སྲུང་སྐྱོང་ཡག་པོ་ཐུབ་ཚེ་རི་སྐྱེས་སྲོག་ཆགས་ཡང་སྲུང་སྐྱོབ་བྱས་ཡོད། གནས་འདིར་རི་སྐྱེས་སྲོག་ཆགས་མང་པོ་ཡོད་ཀྱང་གཙོ་བོ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་ཏེ་ཁྲུང་ཁྲུང་སྐེ་ནག་ཡིན། ཉེ་བའི་ལོ་འགའི་གནས་ཚུལ་ལ་གཞིགས་ན་ཁྲུང་ཁྲུང་སྐེ་ནག་ཇེ་མང་དུ་སོང་ཡོད། ལྷག་པར་དུ་2009ལོའི་གྲངས་འབོར་དང་བསྡུར་ན་བརྒྱ་གྲངས་ཀྱིས་ཇེ་མང་དུ་སོང་འདུག་པས་དགའ་འོས་པ་ཞིག་རེད། 2009ལོར་ཁྲུང་ཁྲུང་སྐེ་ནག900ལྷག་ལས་མེད་མོད་ད་ལོར1000ལྷག་ཏུ་བསླེབས་ཡོད། ཇེ་མང་དུ་འགྲོ་དོན་ཡང་ཁྲུང་ཁྲུང་སྐེ་ནག་བབ་སྡོད་བྱེད་ས་དང་ལོག་སའི་ཚང་མལ་བརླན་སར་སྲུང་སྐྱོབ་ཡག་པོ་ཐུབ་ཡོད་པས་ཡིན། ལོ་རེའི་ཟླ་གསུམ་པའི་ཟླ་སྨད་ནས་ཟླ་བཞི་བའི་ཟླ་མགོར་ཁྲུང་ཁྲུང་གནས་འདིར་ཐོན་ནས་ཟླ་ལྔ་བ་ནས་བདུན་པའི་བར་ཚང་ལོག་པ་དང་བྱ་ཕྲུག་ལག་ཆགས་རྗེས་ཕྱིར་འཚོ་གནས་དང་འཚམས་པའི་མཐོ་སྒང་དུ་ལོག་འགྲོ། ། ང་ཚོས་ཁྲུང་ཁྲུང་གི་བབ་སྡོད་གནས་གཞི་དང་ཚང་ལོག་སར་སྲུང་སྐྱོབ་ཡག་པོ་བྱེད་ཆེད་སྲུང་སྐྱོབ་ས་ཁུལ་གྱི་ས་མུའུ་རེར་ཁ་གསབ་སྒོར8རེ་བྱིན་ནས། རྩྭ་ཕྱུགས་དོ་མཉམ་དང་བྱེ་འགོག་བཅོས་སྐྱོང་། ཆུ་རྒྱུད་བཅོས་སྐྱོང་གི་བྱ་བ་ལེགས་པར་བསྒྲུབས་ཏེ། ས་གནས་མང་ཚོགས་ཀྱིས་ཀྱང་བརླན་ས་སྲུང་སྐྱོབ་ས་ཁུལ་གྱི་འོས་འགན་དང་དུ་ལེན་པར་སྐུལ་འདེད་བྱས།  

སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འགལ་འབྲེལ་རྟོགས་ཏེ། བརླན་ས་ནི་སྐྱེ་ཁམས་ཀྱི་རྩ་བར་འཛིན་དགོས། 

         མཛོད་དགེ་རུ་ལྗོངས་སྐོར་ལྟེ་གནས་ཆེན་པོ་དྲུག་ཡོད་ལ་ལྟོས་བཅས་ཀྱིས་དེ་དག་གི་རྒྱ་ཁྱོན་ཡང་ཅུང་ཆེན་པོ་ཡོད། རྔ་བ་ཁུལ་ལ་མཚོན་ན་ཡང་མཛོད་དགེ་ནི་ལྗོངས་སྐོར་གྱི་ས་ཆ་གལ་ཆེན་ཞིག་ཡིན། སྐྱེ་ཁམས་སྲུང་སྐྱོབ་དང་ལྗོངས་སྐོར་འཛུགས་སྐྲུན་ནི་ནམ་ཡང་ཁ་འབྲལ་ཐབས་མེད། འཕེལ་རྒྱས་དང་སྲུང་སྐྱོབ་ཀྱི་རིག་པའི་ལམ་ནས་བསམ་གཞིག་བཏང་ན་ཡང་སྐྱེ་ཁམས་སྲུང་སྐྱོབ་དར་སྤེལ་བྱེད་པ་ནི་ལྗོངས་སྐོར་ལས་རིགས་ཀྱི་རྩ་བར་གནས་ཡོད་པ་ལས་སླ་པོར་རྟོགས་ཐུབ། ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུ་ལས་ཀྱང་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་གྱི་འཐབ་ཇུས་དམིགས་འབེན་གཏན་ཁེལ་བྱས་ཡོད་ལ། དེ་ལས་གླིང་གཉིས་ཀྱི་བརྗོད་དོན་གཙོ་བོ་ཡང་སྐྱེ་ཁམས་སྲུང་སྐྱོབ་རེད། ན་ནིང་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་བྱས་པ་ནས་བཟུང་ང་ཚོས་སྲུང་སྐྱོབ་ཁུལ་ཉེ་འཁོར་གྱི་ལྗོངས་སྐོར་སྣེ་ལེན་ཁང་26ལྷག་དག་ཐེར་བྱས་པར་ས་གནས་སྲིད་གཞུང་གིས་ཀྱང་ནུས་པ་ཡོད་རྒུ་བཏོན་ཡོད། དེ་དང་མཉམ་དུ་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་གྱིས་ང་ཚོར་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་དྲན་སྐུལ་བྱས་སོང་། སྐྱེ་ཁམས་སྲུང་སྐྱོབ་མ་བྱས་པར་འཕེལ་རྒྱས་གླེང་བ་ནི་མི་སྲིད་པ་ཞིག་ཡིན་པས། ལྗོངས་སྐོར་ལས་རིགས་དར་སྤེལ་ལྟ་ཞོག ས་གནས་འབྲོག་པའི་འཚོ་རྟེན་གྱི་ཐོན་ཁུངས་ལ་གཏོར་སྐྱོན་ཐེབས་སྲིད་པས། སྡོད་དམངས་ཁྲི2ཡི་འཚོ་བར་ཉེན་ཁ་འབྱུང་སྲིད། དེ་བས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ནི་ང་ཚོ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་བཟོ་བ་ཞིག་ལ་མཚོན་ན་དགའ་འོས་པ་ཞིག་ཡིན་ལ་འགྲན་སློང་དགོས་ས་ཞིག་ཀྱང་རེད། དེ་ཡང་ལོས་ཡིན་ཏེ་གོ་སྐབས་ཡོད་སར་འགྲན་སློང་ཡོད་པས་ང་ཚོས་རེ་བ་ལའང་ལས་ཀའི་ཐབས་ལམ་བསྒྱུར་ནས་བརླན་ས་སྲུང་སྐྱོབ་ས་ཁུལ་སྲུང་སྐྱོབ་ཡག་པོ་བྱས་ཏེ། སི་ཁྲོན་ནུབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དང་། སི་ཁྲོན་ཞིང་ཆེན་གྱི་བརླན་ས་གཙོ་བོ་སྲུང་སྐྱོབ་བྱེད་དགོས། རྒྱུ་མཚན་མཛོད་དགེའི་བརླན་ས་སྲུང་སྐྱོབ་ས་ཁུལ་ནི་སི་ཁྲོན་གྱི་རྒྱལ་ཁབ་རིམ་པའི་བརླན་ས་སྲུང་སྐྱོབ་ས་ཁུལ་གཙོ་བོ་ཡིན་པས། ང་རང་ཉིད་ལ་མཚོན་ན་ཡང་བརླན་ས་སྲུང་སྐྱོབ་ཀྱི་བྱ་བ་སྒྲུབ་མཁན་ཞིག་དང་གནས་འདིར་འཚར་ལོངས་བྱུང་བའི་འབྲོག་པ་ཞིག་ཡིན་པའི་ངོས་ནས་སྐྱེ་ཁམས་དང་ས་གནས་ཀྱི་དཔལ་འབྱོར་གོང་འཕེལ་གཅིག་ལ་གཅིག་རྟེན་དུ་གནས་ཡོད་པ་གསལ་བོར་ཤེས་པས།སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོངས་སུ་དང་དུ་བླངས་ཡོད།

ཐུན་མོང་གི་འཚོ་གཞིས། །ཐུན་མོང་གིས་སྲུང་དགོས། །                       

         རང་ཉིད་ཀྱི་ལོ་ཤས་རིང་གི་བྱ་བའི་ཉམས་མྱོང་དང་ལྷག་པར་དུ་ན་ནིང་གི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ལས་མ་འོངས་པའི་བརླན་ས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་སྔར་ལས་ལྕི་བ་ཤེས་སོང་། ཇི་ལྟར་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་སྲུང་སྐྱོབ་བྱེད་པ་དང་ས་གནས་མང་ཚོགས་ཀྱི་འཚོ་གནས་ཀྱི་རེ་འདུན་ལྟར་སྲུང་སྐྱོབ་བྱེད་དགོས་པར་བསམ་བློ་གཏོང་དགོས་ས་མང་པོ་ཡོད་པས། བརླན་ས་སྲུང་སྐྱོབ་ཁུལ་འདི་མ་བཙུགས་པའི་སྔོན་ནས་བཟུང་འདིར་གཞིས་ཆགས་སྡོད་དམངས་ཡོད་པས། བརླན་ས་སྲུང་སྐྱོབ་བྱེད་པར་ས་གནས་སྡོད་དམངས་ཀྱི་འཚོ་བ་གཙོ་གནད་དུ་འཛིན་དགོས་པས། རྗེས་ཕྱོགས་ཁོ་ཚོའི་འཚོ་བའི་ཐོན་སྐྱེད་སྒྲིག་ཆས་བཀོད་སྒྲིག་དང་ལོངས་སུ་སྤྱོད་འོས་པའི་དམངས་འཚོའི་ལས་གྲྭ་ཇི་ལྟར་བསྒྲུབ་པ་སོགས་ནི་ང་ཚོའི་རྗེས་ཕྱོགས་ཀྱི་བྱ་བ་གཙོ་བོ་ཡིན། བརླན་ས་སྲུང་སྐྱོབ་ཁུལ་དུ་འཚོ་བ་རོལ་བའི་མི་གྲངས་ཁྲི2ཡོད་པ་དང་བརླན་ས་འདི་ནི་ས་གནས་འབྲོག་པ་མང་ཚོགས་གཅིག་པུའི་མིན་ལ་མཛོད་དགེ་གཅིག་པུའི་ཡང་མིན། དེ་ནི་རྔ་བ་ཁུལ་དང་ཡང་ན་སི་ཁྲོན། ཀྲུང་གོ་རྒྱལ་ཁབ་ཀྱི་ཡིན། ཐ་ན་འཛམ་གླིང་གི་ཡིན་ཞེས་ཀྱང་བཤད་ཆོག་པས། མཛོད་དགེའི་བརླན་སའི་ཐོན་ཁུངས་འདི་སའི་གོ་ལའི་མཁལ་མར་ངོས་འཛིན་མཁན་ཡང་བྱུང་ཡོད། དེ་བས། བདག་གི་རེ་བར་ས་གནས་ཀྱི་དམངས་ཡོངས་དང་ཁུལ་ཡོངས། ཡང་ན་ཞིང་ཆེན་དང་རྒྱལ་ཡོངས། འཛམ་གླིང་གི་མི་ཀུན་གྱིས་མཛོད་དགེའི་བརླན་ས་སྲུང་སྐྱོབ་བྱེད་པར་དོ་སྣང་བྱེད་ཐུབ་དགོས། དེ་ལས་ཀྱང་ས་གནས་མང་ཚོགས་ཀྱིས་དོ་སྣང་ཤུགས་ཆེན་བྱེད་དགོས་པའི་འབོད་སྐུལ་ཡང་གཏོང་གི་ཡོད་དོ། །

རྩོམ་སྒྲིག་པ།  ཚེ་པེ།