རྔ་ཁུལ་གྱི་སྐད་གཉིས་སློབ་གསོར་འབྲས་བུ་གཡུར་དུ་ཟ་བ་སྨིན།

ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་གཙོ་གཞོན་པ་བསོད་ནམས་ཚེ་རིང་ལ་བཅར་འདྲི་བྱས་པ།

རྩོམ་པ་པོ།   ཚེ་དཔག་ལྷ་མོ། དུས་ཚོད།   2019-01-05   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           སློབ་གསོ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དོན་དངོས་ཀྱི་ཁེ་ཕན་དང་འབྲེལ་ལ། ཁྱིམ་ཚང་ཁྲི་སྟོང་མང་པོས་བདེ་སྐྱིད་ཀྱི་འཚོ་བ་རོལ་བའི་ཐེམ་སྐས་ལྟ་བུ་ཡིན། ཉེ་བའི་ལོ་འགའི་རིང་རང་ཁུལ་གྱི་མི་རིགས་སློབ་གསོ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་སྐད་གཉིས་སློབ་གསོ་ནི་དུས་ནམ་ཡང་སློབ་གསོ་འཕེལ་རིམ་ཁྲོད་ཀྱི་ལྟེ་བའི་གནད་དོན་ཡིན་ལ། མི་རིགས་སློབ་གསོ་འཕེལ་རྒྱས་ཀྱི་འགག་རྩའང་ཡིན། དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་བའི་དུས་མཇུག་ནས་ད་ལྟའི་བར་ལོ་ངོ་སུམ་ཅུ་ལྷག་ཙམ་གྱི་དུས་ཡུན་ནང་། རང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་རོང་འབྲོག་ཁུལ་ལ་ཁ་ཕྱོགས་ནས་ཕ་སྐད་སློབ་གསོའམ་སྐད་གཉིས་སློབ་གསོའི་སློབ་གཉེར་ཐབས་ལམ་ཟམ་མི་ཆད་པར་འཚོལ་ཞིབ་དང་། སྐད་གཉིས་སློབ་ཁྲིད་དང་སློབ་གཉེར་སྒྲིག་སྲོལ་ཧུར་ཐག་ངང་ཆ་ཚང་དུ་བཏང་ཡོད།

སྤྱོད་ཡོན་གཉིས་ཕན་གྱི་སྐད་གཉིས་སློབ་གསོ།

            མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་ནི་རྔ་བ་ཁུལ་གྱི་ཆེས་ཐོག་མར་བཙུགས་པའི་བོད་ཡིག་སློབ་འབྲིང་ཡིན་ལ། བོད་ཡིག་སློབ་འབྲིང་དེའི་སློབ་གསོའི་སྤུས་ཀའང་ཁུལ་ཡོངས་ཀྱི་བོད་ཡིག་སློབ་འབྲིང་དག་གི་མདུན་གྲལ་དུ་ཡོད། ཁུལ་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གསུམ་པའི་སློབ་གསོའི་ལས་རིགས་ཀྱི་ཨུ་ཡོན་མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་གཙོ་གཞོན་པ་བསོད་ནམས་ཚེ་རིང་གིས་ངེད་སློབ་གྲྭར་ད་ལྟ་སློབ་མ་2400ལྷག་དང་དགེ་རྒན་150ལྷག་ཡོད། འདས་བའི་ལོ་འགའི་རིང་ངེད་སློབ་གྲྭའི་དགེ་རྒན་དཔུང་སྡེ་གསོ་སྐྱོང་བྱས་ཏེ། རྩིས་དངོས་རྫས་གསུམ་དང་ས་ལོ་སྲིད་གསུམ་གྱི་དགེ་རྒན་དཔུང་སྡེ་མུ་མཐུད་དུ་སྐྱེད་སྲིང་བྱས་པས།  སློབ་མའི་འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་རྒྱུགས་འབྲས་ཤིན་ཏུ་ལེགས་ལ།  སློབ་ཆེན་དངོས་གཞིའི་སློབ་མར་རྒྱུགས་འཕྲོད་ཚད་རྒྱུགས་ཞུགས་སློབ་མའི་བརྒྱ་ཆ་ལྔ་བཅུ་ལས་བརྒལ་བའི་གྲུབ་འབྲས་བཟང་བོ་ལོན་ཡོད། དངོས་གཞིར་རྒྱུགས་འཕྲོད་པའི་སློབ་མ་དག་ཀྲུང་དབྱང་མི་རིགས་སློབ་ཆེན་དང་ནུབ་བྱང་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་གླིང་སོགས་ཀྱི་སློབ་ཆེན་འགྲིམ་བཞིན་ཡོད། རང་ཁུལ་གྱི་སྐད་གཉིས་སློབ་གསོ་མགོ་བརྩམས་པ་ནས་རིམ་བཞིན་རྒྱ་ཆེའི་སློབ་གསོའི་ལས་རིགས་སོ་སོའི་མི་སྣའི་འབད་བརྩོན་འོག་ད་ལྟ་ལོ་རེ་རེ་བཞིན་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བཞིན་དང་གྲུབ་འབྲས་ཕུལ་དུ་བྱུང་བ་ཐོབ་ཡོད། དཔེར་ན་རང་ཁུལ་གྱི་འབར་ཁམས་མི་རིགས་དགེ་འོས་སློབ་གྲྭའམ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་སྐད་གཉིས་མཐོ་འབྲིང་གི་ཉེ་བའི་ལོ་འགའི་རིང་གི་མཐོ་རྒྱུགས་ཁྲོད་སློབ་ཆེན་དངོས་གཞིར་རྒྱུགས་འཕྲོད་མཁན་རྒྱུགས་ཞུགས་སློབ་མ་སྤྱིའི་བརྒྱ་ཆ་90ཡན་ཟིན་པ་དང་། གྲངས་རིག་དང་དབྱིན་ཡིག་སོ་སོའི་སྐར་མ་མཐོ་འབྲིང་དཀྱུས་མའི་སློབ་མ་དག་ལས་ཀྱང་མཐོ་བ་བླངས་ཡོད། དེ་མིན་སྐད་གཉིས་སློབ་གསོའི་ལེགས་ཆ་གཞན་ཞིག་ནི་སྐད་གཉིས་སློབ་གསོར་བསྟེན་པའི་སློབ་མ་དག་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་དགའ་ཞེན་ཡོད་པ་དང་། བསམ་བློ་ཀུན་སྤྱོད་ལེགས་པ་ཞིག་ཏུ་འགྱུར་བར་ཕན་པ་ཆེན་པོ་ལྡན་ཡོད།

སྐད་གཉིས་སློབ་གསོ་དང་ཁྲིད་ཐབས་གསར་བ།

           ལྟ་ཁྲིད་སྦྱོང་སེལ་གྱི་སློབ་ཁྲིད་བྱེད་སྟངས་ཁྱབ་་གདལ་དུ་བཏང་ནས། འབྲོག་ཁུལ་གྱི་ཐབས་ལམ་དང་པོ་སྤྱོད་པའི་སློབ་གྲྭའི་སློབ་ཁྲིད་སྤུས་ཚད་མཐོ་རུ་བཏང་བ་རེད ། ཁུལ་སློབ་གསོ་ཅུས་ཀྱིས་བཀོད་སྒྲིག་ལྟར་རྔ་བ་ཁུལ་གྱི་སྐད་གཉིས་སློབ་གསོ་བཀོལ་བའི་སློབ་འབྲིང་ཚང་མ་དང་སློབ་ཆུང་ཁ་ཤས་ཀྱིས་ལྟ་ཁྲིད་སྦྱོང་སེལ་གྱི་ཁྲིད་ཐབས་གསར་བ་ལག་བསྟར་བྱས། ངེད་མཛོད་དགེ་བོད་ཡིག་སློབ་འབྲིང་གིས་ཀྱང་ཁྲིད་ཐབས་གསར་བ་འདི་ཐོག་མར་དམའ་འབྲིང་རིམ་པའི་འཛིན་གྲྭ་གཉིས་ལ་ཚོད་ལྟའི་ཚུལ་གྱི་ལག་བསྟར་བྱས་ཡོད་ལ། ད་ལོར་འབྲིང་རྒྱུགས་སུ་ཞུགས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད། ཁྲིད་ཐབས་གསར་བ་འདི་ཚན་རིག་དང་མཐུན་པས་སློབ་མ་སྤྱིའི་སྦྱངས་འབྲས་མཐོར་འདེགས་གཏོང་བར་དགེ་མཚན་ཆེན་པོ་ལྡན་ལ། དེ་ལས་ཆེས་ལེགས་པ་ནི་སེལ་བ་རྣམ་བཞི་དེ་ཐུན་སེལ། ཉིན་སེལ། གཟའ་སེལ། ཟླ་སེལ་བཅས་ཡིན་ལ། དེས་སློབ་མའི་སྒྱིད་ལུགས་ཀྱི་རྣམ་པ་བསྒྱུར་ནས་བརྩོན་སེམས་བསྐྱེད་པར་ནུས་པ་ཆེན་པོ་ལྡན་ཞེས་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་བསོད་ནམས་ཚེ་རིང་གིས་དེ་ལྟར་བཤད་བྱུང་།

སྐད་གཉིས་སློབ་གསོ་འཛིན་སྐྱོང་སྤེལ་གསུམ།

         རང་ཁུལ་གྱི་སློབ་གསོའི་མ་ལག་གིས་མི་རིགས་སློབ་གསོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་དམིགས་ནས། ཡུལ་བབ་དང་བསྟུན་པའི་སྒོ་ནས་སྐད་གཉིས་སློབ་གསོའི་བསྒྱུར་བཅོས་ལས་ཀ་བསྒྲུབས་ཤིང་། སློབ་གྲྭ་སོ་སོའི་རྨང་གཞིའི་འཛུགས་སྐྲུན་ཡང་ཚད་ལྡན་ཅན་དུ་སྐྲུན་བཞིན་ཡོད།

       རང་ཁུལ་གྱིས་སྐད་གཉིས་སློབ་གསོའི་ཁྱད་ཆོས་ལྡན་པའི་སློབ་དེབ་དང་སློབ་ཞོར་ཀློག་དེབ་རྒྱུ་ཆ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། རང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་ཆེས་ཐོག་མར་བོད་རྒྱ་སྐད་གཉིས་བྱིས་གཉོར་ཁང་དང་སློབ་གྲྭ་འབྲིང་ཆུང་གི་ཀློག་དེབ་ཁག་56བསྒྱུར་ནས་པར་སྐྲུན་བྱས་ཏེ།  རིན་མེད་ངང་སྤྲད་པ་དང་དེས་རང་རྒྱལ་བོད་རིགས་ས་ཁུལ་གྱི་བྱིས་གཉོར་ཁང་དང་སློབ་གྲྭ་འབྲིང་ཆུང་གི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཀློག་དེབ་མེད་པའི་སྟོང་ཆ་གསབ་ཡོད། 2010 ལོར་ཞིང་ཆེན་བརྒལ་ནས་ཐབས་ལམ་དང་པོའི་མཐོ་འབྲིང་དགེ་རྒན་བསྡུ་གཉེར་ལས་མགོ་ཚུགས་ལ། སྔ་རྗེས་སུ་མཚོ་སྔོན་དགེ་འོས་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་སོགས་ནས་དངོས་གཞིའི་ཚན་ཁག་རིམ་པའི་སྐད་གཉིས་སྨྲ་བའི་དགེ་རྒན་མང་པོ་བསྡུས།  རང་ཁུལ་གྱི་སྐད་གཉིས་སློབ་གསོའི་དཔུང་ཁག་ལ་སྔར་བཞིན་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་སྟེ། མིག་སྔར་རང་ཁུལ་ལ་སྐད་གཉིས་བྱིས་གཉོར་ཁང་220 དང་། སྐད་གཉིས་ཀྱི་སློབ་གྲྭ་ཆུང་འབྲིང་127 ཡོད་ལ་དེའི་ནང་སློབ་ཆུང་96 དང་། དམའ་རིམ་སློབ་འབྲིང་23 ། མཐོ་འབྲིང་8 ཡོད།  དངོས་གཞིའི་ཚན་ཁག་གི་མི་གྲངས་དང་། སློབ་རིམ་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་བསླེབས་ཡོད།

     རང་ཁུལ་གྱིས་སྐད་གཉིས་སློབ་གསོའི་དམངས་ཕན་སྲིད་ཇུས་དོན་འཁྱོལ་དང་། དགེ་རྒན་དཔུང་སྡེའི་སྟོབས་ཤུགས་ཆེ་རུ་བཏང་སྟེ། ནུས་པ་ལྡན་པའི་ཁྲིད་ཐབས་གསར་བ་བཀོལ་ནས་སྐད་གཉིས་སློབ་གསོའི་ལས་དོན་གྱིས་སློབ་མའི་ཤེས་རིག་གི་དགོས་འདོད་སྐོང་ཐུབ་ལ་མི་དམངས་ཀྱི་བློ་ཡིད་ཚིམ་པའི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་དང་ལེན་བཞིན་ཡོད། 

རྩོམ་སྒྲིག་པ།  ཚེ་པེ།