ལས་ ཞུགས་ རོགས་ སྐྱོར་ བྱ་ ཐབས་ གསར་ བ།

རྩོམ་པ་པོ།   ཚེ་རིང་ལྷ་མོ། དུས་ཚོད།   2018-12-28   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              སྲིད་གཞུང་གིས་ང་ཚོ་ལ་ཕྱི་རུ་སོང་ནས་ངལ་རྩོལ་བྱས་ཏེ་ལས་ཞུགས་བྱེད་པའི་གོ་སྐབས་འདི་འདྲ་ཡག་པོ་ཞིག་གནང་བར་བཀའ་དྲིན་ཞུ་དགོས་ལ། ང་རང་ས་འདིའི་འཚོ་བ་ལ་གོམས་ཡོད་ཅིང་། སྡོད་གནས་དང་ཁ་ཟས་ཀྱང་ཤིན་ཏུ་བཟང་ལ། ཟླ་རེ་རེ་ལ་ཟླ་ཕོགས་བྱིན་པས། འཚོ་བའི་དཀའ་ངལ་སེལ་བར་མ་ཟད། ལྟ་རྒྱའང་ཆེ་རུ་བསྐྱེད་པས། ངས་འདི་ནས་ནུས་རྩལ་གང་མང་ཞིག་བསླབས་ཐུབ་སོང་ཞེས་ཀྲེ་ཅང་ཞིང་ཆེན་གྱི་ཝུན་ཀྲོའུ་གྲོང་ཁྱེར་དུ་ངལ་ལས་ལ་ཕྱིན་པའི་རྡོ་རྗེ་རྣམ་རྒྱལ་གྱིས་སྤྲོ་བ་ཆེན་པོས་གསར་འགོད་པར་ཁོ་རང་གི་འདས་པའི་ཟླ་གཅིག་ལྷག་གི་གནས་ཚུལ་བཤད་བྱུང་།

             རྡོ་རྗེ་རྣམ་རྒྱལ་ནི་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་ངལ་ལས་མཉམ་སྒྲུབ་ངལ་ལས་ཕྱིར་གཏོང་གི་ལས་མི་བསྡུ་བའི་ཚོགས་འདུ་ནས་བདམ་ཐོན་བྱུང་སྟེ་ཝུན་ཀྲོའུ་གྲོང་ཁྱེར་དུ་ལས་ཞུགས་བྱེད་དུ་འོངས་པ་རེད། ཉེ་བའི་ལོ་ཤས་རིང་། ཧུང་ཡོན་རྫོང་གིས་དབུལ་བྲལ་གནད་སྒྲོལ་གྱི་བྱ་བའི་བཀོད་སྒྲིག་གནད་དུ་བཟུང་སྟེ། ལས་ཞུགས་ནི་ཕུགས་བརྟན་པའི་དབུལ་བྲལ་གྱི་བྱེད་ཐབས་ཤིག་ཏུ་མཐོང་སྟེ། ངལ་ལས་ཕྱིར་གཏོང་དང་གནས་སྤོས་ལས་ཞུགས་ཀྱི་བྱ་བ་ཤུགས་ཆེན་པོས་སྤེལ་བས། དབུལ་སྐྱོར་ལས་ཞུགས་ཀྱི་བྱ་བར་གྲུབ་འབྲས་འཐོབ་པར་སྐུལ་འདེད་ཀྱི་ནུས་པ་མངོན་གསལ་ཐོབ། ད་བར་དུ། ཧུང་ཡོན་རྫོང་གིས་དབུལ་སྐྱོར་ལས་ཞུགས་ཀྱི་ལས་མི་བསྡུ་བའི་བྱེད་སྒོ་ཐེངས14ལ་བསྡུས་ཤིང་། ཀྲེ་ཅང་ཞིང་ཆེན་ཝུན་ཀྲོའུ་གྲོང་ཁྱེར་གྱི་ཁེ་ལས230ཡིས་ལས་གནས8294ལྷག་མཁོ་འདོན་གནང་ཞིང་། མང་ཚོགས1700ལྷག་བྱེད་སྒོ་དེ་དག་ལ་ཞུགས།

            ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་ཕོངས་དག་ཝུན་ཀྲུའུ་ལ་ལས་ཞུགས་བྱེད་དུ་འགྲོ་བར་སྐུལ་མ་གཏོང་ཆེད། ད་ལོ་ནས་བཟུང་། ཧུང་ཡོན་རྫོང་གིས་ཀྲེ་ཅང་གི་ཚང་ནན་རྫོང་དང་། ཕིང་དབྱང་རྫོང་། ཡུང་ཅ་རྫོང་། གཞན་ཝུན་ཀྲོའུ་གྲོང་ཁྱེར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་བཅས་ལ་ཁ་གཏད་ཀྱི་མཉམ་འབྲེལ་བྱས་ཤིང་། འབྲོག་ལས་རྐྱང་བའི་རྫོང་གི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ལས་མི་བསྡུ་ཐབས་གསར་བཟོ། ས་གནས་ཀྱི་དགོས་མཁོ་དང་མཐུན་པའི་བྱ་བའི་ལས་གནས་དང་སྤྱི་ཕན་ལས་གནས་བཀོད་སྒྲིག་ལ་གྲོས་མཐུན་བྱུང་། དེ་དང་མཉམ་དུ་མང་ཚོགས་ཀྱི་ཚོགས་འདུ་དང་། གྲོང་གསེབ་ཏུ་བསྐྱོད་པ། སྒེར་གྱི་མཛུབ་སྟོན་སོགས་དྲིལ་སྒྲོག་བྱེད་ཐབས་མང་པོར་བརྟེན་ཏེ། ཕྱི་རུ་ལས་ཞུགས་ལ་འགྲོ་བའི་སྣང་ཚུལ་དང་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད་པར་མ་ཟད། རྫོང་ཡོངས་ཀྱི་ཁྱིམ་ཚང་དབུལ་ཕོངས་དག་ནས་ངལ་རྩོལ་བ་རྣམས་ཝུན་ཀྲོའུ་གྲོང་ཁྱེར་དུ་ལས་གཉེར་ལ་བསྐྱོད་ནས་ཡོང་འབབ་འཕར་སྣོན་དང་། མྱུར་དུ་དབུལ་བྲལ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པར་སྐུལ་འདེད་གནང་།

ད་ལོའི་ཟླ10བར། ལས་མི་བསྡུ་བའི་ཚོགས་འདུ་ནས་ཕྱི་རུ་ངལ་ལས་ལ་འགྲོ་བར་གྲོས་ཆོད་བཞག་པའི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་མི24ཐོག་དང་བོར་བདེ་བླག་ངང་ཝུན་ཀྲོའུ་གྲོང་ཁྱེར་དུ་ལས་ཞུགས་ལ་འབྱོར། ཟླ12པའི་ཚེས7ཉིན། ཐེངས་གཉིས་པར་ཝུན་ཀྲོའུ་གྲོང་ཁྱེར་དུ་བསྐྱོད་པའི་དབུལ་ཕོངས་ཁྱིམ་ཚང་གི་མི71ཡུལ་དེར་འབྱོར་ནས་ལས་ཀ་བསྒྲུབ་མགོ་ཚུགས། འདི་ནི་ཧུང་ཡོན་རྫོང་ཚུགས་པ་ནས་བཟུང་ངལ་ལས་ཕྱིར་གཏོང་བྱས་པ་ཆེས་རྒྱ་ཆེ་བ་ཡིན་པར་མ་ཟད། ཁུལ་ཡོངས་ནས་མཉམ་གཅིག་ལ་རྩ་འཛུགས་ཡོད་པའི་སྒོ་ནས་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་པོ་ཕྱི་རུ་སོང་ནས་ལས་ཞུགས་བྱས་པ་ཆེས་མང་ཤོས་དེ་ཡང་ཡིན་ལ། དེས་ཕྱི་རུ་འགྲོ་མི་ཐུབ་པ་དང་ཕྱི་རུ་འགྲོ་བར་སྐྲག་པའི་གནས་ཚུལ་དེ་བསྒྱུར་ནས། ཧུང་ཡོན་རྫོང་གི་ལས་ཞུགས་ཀྱིས་དབུལ་བྲལ་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་ལེགས་པར་མཚོན་ཐུབ།

           རྐང་བ་གཡས་པ་ནི་ལོ་བའི་སྔོན་དུ་སྐྱོན་ཅན་དུ་གྱུར་པ་རེད། སྔོན་ཆད་རྐང་པ་མི་བདེ་བས་ཕྱི་རུ་ཞོར་ལས་ལ་འགྲོ་མ་མྱོང་། ད་ལྟ་སྤྱི་ཕན་ལས་གནས་སུ་བྱ་བ་བསྒྲུབས་ན་རྐང་བ་སྐྱོན་ཅན་ཡིན་ཡང་སྐྱོན་མེད་པས། ཏང་དང་སྲིད་གཞུང་གིས་ང་ལ་འདི་འདྲའི་གོ་སྐབས་ཤིག་གནང་བ་ལ་བཀའ་དྲིན་ཆེ། ངའི་བུ་མོ་ད་ལོ་ལོ12ཡིན་ལ། སློབ་ཆུང་དུ་འགྲོ་བཞིན་ཡོད། ང་རང་གི་ཕ་མ་གཉིས་ཀྱིས་མོ་ལ་བདག་གཉེར་བྱེད་བཞིན་ཡོད་པས་ངའི་སེམས་བདེ་ཡོད་ཅེས་ཝུན་ཀྲོའུ་ལས་ཞུགས་སུ་འགྲོ་བའི་དབང་པོ་སྐྱོན་ཅན་ལྷ་མོས་གསར་འགོད་པར་བཤད།

          རྒྱུས་ལོན་པ་ལྟར་ན། ལས་ཞུགས་པ་འདི་དག་གི་ཁྲོད་ན། སློབ་ཆེན་གྱི་བསླབ་གནས་ཡོད་པའི་མི5ཡོད་ཅིང་། མི་ལྔ་ལ་དབང་པོ་སྐྱོན་ཅན་གྱི་ལག་རྟགས་ཡོད་པ་རེད། དེར་བརྟེན་ཝུན་ཀྲོའུ་གྲོང་ཁྱེར་དང་ཧུང་ཡོན་རྫོང་གཉིས་ཀྱིས་གྲོས་བསྡུར་བྱས་ཏེ། རྒྱུ་སྤུས་ལེགས་པའི་ལས་གནས་དང་སྤྱི་ཕན་ལས་གནས་སོགས་གསར་དུ་བཀོད་སྒྲིག་བྱས་ཏེ། ཁོ་ཚོ་ལ་ནུས་ཕྱོད་མཐོ་བའི་དབུལ་བྲལ་ཕྱུག་འགྱུར་གྱི་ལམ་བུ་ཞིག་མཁོ་འདོན་གནང་བ་རེད། མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིར་ཝུན་ཀྲོའུ་ལ་བསྐྱོད་པའི་མི་རྣམས་ཀྱིས་ཤར་ནུབ་རྒྱུད་ཀྱི་ངལ་ལས་མཉམ་སྒྲུབ་ཀྱི་ལས་ཞུགས་སྐུལ་འདེད་ཀྱི་སྲིད་ཇུས་མྱངས་ཡོད་པས། འགྲིམ་འགྲུལ་གྱི་གླ་དང་། ཟ་མ། སྡོད་ཤག་བཅས་ལ་རིན་པ་སྐར་གང་ཡང་མི་དགོས་པས། ཕྱི་རུ་སོང་ནས་ལས་ཀ་ལས་ན་སྒོར་མོ་བརླག་མི་དགོས་པའི་དམིགས་འབེན་མངོན་འགྱུར་བྱུང་། གཞན་དུ། ཝུན་ཀྲོའུ་གྲོང་ཁྱེར་གྱིས་སྐུལ་འདེད་སྲིད་ཇུས་གཏན་ལ་ཕབ་ཅིང་། ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་བོས་ཟླ་གསུམ་ཡན་ལ་ལས་གནས་སུ་ལས་ཀ་བསྒྲུབས་ན་གཏན་འཇགས་ལས་ཞུགས་ཀྱི་གསབ་དངུལ་སྒོར1500སྟེར་བ་དང་། དེའི་རྗེས་ནས་ཟླ་རེར་འཚོ་བའི་གསབ་དངུལ་སྒོར500རེ་སྟེར། ཝུན་ཀྲོའུ་ནས་ཟླ་གསུམ་ཡན་ལ་བྱ་བ་བསྒྲུབས་ཤིང་ལས་ཞུགས་གན་རྒྱ་ལོ1དང་དེའི་ཡན་ལ་བཞག་ཡོད་པའི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་བོ་ལ་ལོ་རེར་སྒོར1500ཡི་ཚད་གཞི་ལྟར་དུ་འགྲིམ་འགྲུལ་གསབ་དངུལ་སྟེར་བ་རེད།

        གནས་སྤོས་ལས་ཞུགས་ཀྱི་རྩ་འཛུགས་པ་དང་ཧུང་ཡོན་རྫོང་གི་རྫོང་དཔོན་གཞོན་པས་གསར་འགོད་པར་བཤད་པར། ད་ལོ་ནི་ཧུང་ཡོན་རྫོང་གི་དབུལ་ཞྭ་ཕུད་པའི་ལོ་ཡིན་ལ། དབུལ་བྲལ་གནད་སྒྲོལ་གྱི་ལས་འགན་ཤིན་ཏུ་ལྕི། ལས་ཞུགས་བྱེད་པ་ནི་དམངས་ཚོགས་ཀྱིས་དབུལ་བྲལ་ཕྱུག་འགྱུར་བྱེད་པར་ཕུགས་ཆེས་བརྟན་ཞིང་ནུས་པ་ཆེས་ཆེ་བའི་ལམ་བུ་ཞིག་ཡིན། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་ངལ་ལས་མཉམ་སྒྲུབ་ཀྱི་སྲིད་ཇུས་བཟང་པོའི་གོ་སྐབས་དང་བསྟུན་ནས། ཀྲེ་ཅང་དང་སི་ཁྲོན་གཉིས་ཀྱི་མཉམ་ལས་འབྲེལ་ཡོད་བླངས་བྱ་དང་བསྟུན་ཅིང་། རང་སའི་དངོས་ཡོད་གནས་ཚུལ་ལ་འབྲེལ་ཏེ། ལས་ཞུགས་ཀྱི་བྱ་བས་དབུལ་བྲལ་གནད་སྒྲོལ་ཁྲོད་དུ་ཐོན་པའི་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱེད་དགོས། ཧུར་བརྩོན་གྱིས་མི་གཅིག་ལས་ཞུགས་བྱས་ན་ཁྱིམ་གཅིག་དབུལ་བྲལ་བྱེད་པའི་དམིགས་འབེན་མངོན་འགྱུར་ལ་འབད་དེ། དབུལ་བྲལ་གནད་སྒྲོལ་ལ་ཤུགས་རྒྱག་དགོས་ཞེས་བཤད། ཁོང་གི་རེ་བ་ནི། ཧུང་ཡོན་རྫོང་གི་འབྲོག་པ་མང་ཚོགས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ། མགྱོགས་མྱུར་སྒོས་བྱ་བ་དེར་གོམས་པར་བྱས་ཏེ། རང་གི་འབད་པས་དབུལ་བྲལ་ཕྱུག་འགྱུར་བྱ་ཐུབ་རྒྱུ་དེའོ།།

རྩོམ་སྒྲིག་པ།  ཚེ་པེ།