སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་ངོ་བཞི་བཅུའི་གཟི་འོད། (སློབ་གསོ།)

རྩོམ་པ་པོ།   དུས་ཚོད།   2018-12-26   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               སློབ་གསོ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་གལ་ཆེན་ཞིག་ཡིན་ལ་མི་རིགས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགག་རྩ་ཡང་ཡིན། ཉེ་བའི་ལོ་ངོ་བཞི་བཅུའི་ནང་དུ། རྔ་ཁུལ་གྱི་སློབ་གསོའི་སྡེ་ཁག་གིས་མང་ཚོགས་ཀྱིས་རིམ་པ་མཐོ་ལ་སྤུས་ཀ་ལེགས་པའི་སློབ་གསོ་མྱོང་བའི་རེ་འདུན་དེ་དམིགས་འབེན་གཙོ་བོར་བྱས་ནས། མི་རྣམས་ཀྱི་འདོད་བློ་དང་མཐུན་ཞིང་སློབ་མར་ཕན་པའི་སློབ་གསོའི་ལེའུ་གསར་བ་བསྐྲུན། ཉེ་བའི་ལོ་ངོ་བཞི་བཅུའི་ནང་དུ། རྔ་ཁུལ་གྱི་སློབ་གསོས་ཐོག་མའི་དམིགས་འབེན་མ་བོར་བར་འབད་པས་མདུན་དུ་སྐྱོད་ཅིང་། མི་སེམས་མགུ་བའི་གྲུབ་འབྲས་རེ་རེས་སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་ངོ་བཞི་བཅུའི་སློབ་གསོའི་ལེའུ་ཆེན་པོ་བསྐྲུན་ནོ། །

དུས་དང་བསྟུན་པའི་འགྱུར་ལྡོག་རེ་རེས། །མི་རིགས་སློབ་གསོར་གསོན་ཤུགས་སྦྱིན་ཡོད། 

           སློབ་གསོ་ནི་མི་རིགས་འཕེལ་རྒྱས་ཀྱི་འགག་རྩ་ཡིན་ལ། སློབ་གསོ་འདྲ་མཉམ་ནི་སྤྱི་ཚོགས་འདྲ་མཉམ་གྱི་གཞི་འཛིན་ས་ཡིན། ཉེ་བའི་ལོ་འདི་དག་ཏུ། རྔ་བ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སློབ་གསོའི་བྱ་བཞག་གཙུགས་སུ་བཟུང་སྟེ། ནུས་ཤུགས་ཡོད་དགུས་ཁུལ་ཡོངས་ཀྱི་འགན་བབ་སློབ་གསོ་དར་སྤེལ་དུ་བཏང་བས། རང་ཁུལ་གྱི་བྱིས་པ་རེ་རེས་ཀྱང་སློབ་གསོའི་གཟི་འོད་ལ་རོལ་ཐུབ་པ་བྱུང་།

           མིག་སྔར། རང་ཁུལ་དུ་བྱིས་གཉོར་ཁང་312དང་སློབ་མ་29633ཡོད་པ་དང་། སློབ་ཆུང་243དང་སློབ་མ་62911ཡོད། དམའ་འབྲིང་37དང་སློབ་མ་27216ཡོད། མཐོ་འབྲིང་18དང་སློབ་མ་16118ཡོད། དེ་མིན་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་4དང་སློབ་མ་3519ཡོད་པ་དང་། ནང་ལོག་གི་9+3སློབ་གྲྭའི་སློབ་མ་2558བཅས་ཡོད་པ་རེད།

          ཉེ་བའི་ལོ་ངོ་བཞི་བཅུའི་ནང་དུ་། རང་ཁུལ་གྱིས་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་ཐད་དུ་མ་དངུལ་འབོར་ཆེན་བཏང་སྟེ། སློབ་གླིང་སྒྲིག་འཛུགས་ཀྱི་རྣམ་གྲངས་དུ་མ་ལེགས་པར་གྲུབ་ནས། ཁུལ་ཡོངས་ཀྱི་སློབ་གསོའི་སྒྲིག་ཆས་འཐུས་ཚང་དང་སློབ་གླིང་ལེགས་བཅོས་ཀྱིས་རང་ཁུལ་གྱི་སློབ་གསོ་ཇེ་རྒྱས་ཇེ་ལེགས་སུ་བཏང་ཡོད།

           སློབ་གསོ་དོ་མཉམ་འཕེལ་རྒྱས་ཡོང་རྒྱུ་ནི་ལས་སླ་མོ་ཞིག་མ་ཡིན་པར། དེ་ཡང་དགེ་སློབ་ཡོངས་ཀྱི་བྱང་ཚད་དང་། སློབ་རའི་རིག་གནས་སོགས་ཕྱོགས་སོ་སོ་ནས་དོ་མཉམ་འཕེལ་རྒྱས་ཡོང་དགོས་པ་རེད། གཞི་གྲངས་ལས་མངོན་པ་ལྟར་ན། 1978ལོར་རང་ཁུལ་དུ་བསྡོམས་པས་དགེ་རྒན་5405ཡོད་ལ། དེར་ནགས་ལས་པ་དང་གཏེར་ཁའི་ཁེ་ལས་སློབ་གྲྭའི་དགེ་རྒན་814དང་། དམངས་བཙུགས་སློབ་གྲྭའི་དགེ་རྒན་2305ཡང་ཡོད་པ་རེད། ད་ལྟ་རང་ཁུལ་དུ་ཁྱོན་དགེ་རྒན་13482ཡོད་ལ། དེར་བྱིས་གཉོར་ཁང་གི་དགེ་རྒན་1228དང་། སློབ་ཆུང་དགེ་རྒན་6446། དམའ་འབྲིང་དགེ་རྒན་2695། མཐོ་འབྲིང་དགེ་རྒན་1421། དམིགས་གསལ་སློབ་གསོའི་དགེ་རྒན་61། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་384བཅས་ཡོད་པ་རེད།

          ཁྲོ་ཆུ་རྫོང་གི་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ལོ་ཅན་ཀྲུང་གིས། ང་ཚོས་ཕུགས་ཀྱི་འདུན་མ་ཡོད་ཅིང་ལེགས་པའི་ཀུན་སྤྱོད་དང་ལྡན་པ། ཤེས་རིག་ཕུན་སུམ་ཚོགས་ཤིང་ངང་རྒྱུད་བྱམས་ཀྱིས་ཕྱུག་པའི་སློབ་མའི་ཀུན་སྤྱོད་དང་བསམ་བློ་ལ་སོགས་པའི་མཛུབ་སྟོན་པའི་དུས་རབས་གསར་བའི་རེ་འདུན་གཞིར་བཟུང་ནས། རྫོང་ཡོངས་ཀྱི་དགེ་རྒན་དག་ལ་དུས་བཅད་ལྟར་རྒྱུགས་ལེན་གྱིན་ཡོད། ཅེས་བཤད་བྱུང་། ཉེ་བའི་ལོ་ངོ་བཞི་བཅུའི་ནང་དུ། རང་ཁུལ་གྱིས་དགེ་རྒན་གསོ་སྦྱོང་གི་ལས་ཀ་གཙུགས་སུ་བཟུང་ནས། སྐད་གཉིས་དགེ་རྒན་གྱི་ཚན་རིག་ཤེས་བྱ་དང་ཆེད་ལས་ཤེས་བྱ་ལ་སོགས་པའི་དཀའ་གནད་སེལ་བར་འབད་བརྩོན་ལྷོད་མེད་བྱས་སོ། ། 

ཤེས་རིག་སློབ་གསོ་འཕེལ་བས། །རྔ་ཁུལ་སྔར་བས་དར་སོང་། །

          1986ལོར། རང་ཁུལ་གྱི་རིམ་པ་སོ་སོའི་སྲིད་གཞུང་དང་སློབ་གསོའི་སྡེ་ཁག་དག་གིས་གཞི་རྒྱ་ཆེན་པོས་ 《འགན་བབ་སློབ་གསོའི་ཁྲིམས་》ཁྱབ་བསྒྲགས་བྱས། 2009ལོར། རང་ཁུལ་གྱིས་བོད་ཁུལ་གྱི་རིན་མེད་9+3གྱི་སློབ་གསོའི་འཆར་གཞི་ལག་ཏུ་བསྟར་ནས། རང་ཁུལ་གྱི་དམའ་འབྲིང་མཐར་ཕྱིན་སློབ་མ་དང་མཐོ་འབྲིང་དུ་ཞུགས་མ་ཐུབ་པའི་སློབ་མར་རིན་མེད་ལག་རྩལ་སློབ་གསོ་མྱངས་བར་བྱས། 2013ལོར། རང་ཁུལ་གྱིས་《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་སློབ་གསོའི་སྒྲིག་ཡིག་》ལག་ཏུ་བསྟར་ནས། ཁྲིམས་ལྟར་རང་ཁུལ་གྱི་སློབ་སྔོན་སློབ་གསོ་དང་མཐོ་འབྲིང་རིམ་པའི་སློབ་གསོ་སྤེལ་བས། ལོ་དགུའི་འགན་བབ་སློབ་གསོའི་གྲུབ་འབྲས་མངོན་པར་བཏོད། དེ་མིན་རྒྱལ་ཡོངས་ཀྱི་མི་རིགས་ས་ཁུལ་ནས་ལོ་བཅོ་ལྔའི་འགན་བབ་སློབ་གསོ་ཆེས་སྔ་མོར་ལག་བསྟར་ཐུབ་པ་བྱུང་། ད་ལོའི་ཟླ་10པའི་ཚེས་19ཉིན། འཛམ་ཐང་དང་མཛོད་དགེ། རྔ་བ་བཅས་རྫོང་གསུམ་རྒྱལ་ཁབ་ཀྱིས་གཏན་འབེབ་བཟོས་པའི་འགན་བབ་སློབ་གསོའི་འཕེལ་རྒྱས་ཀྱི་ཚད་གཞིར་སླེབས་པས། རང་ཁུལ་གྱི་འགན་བབ་སློབ་གསོའི་འཕེལ་རྒྱས་ཀྱི་ཚད་གཞི་ཡང་དམིགས་འབེན་ལྟར་ལེགས་འགྲུབ་བྱུང་བ་རེད།

         མི་སོ་སོར་སྤུས་ལེགས་ཀྱི་སློབ་གསོ་མྱོང་དབང་ཡོད་པ་ནི་འབངས་ཡོངས་ཀྱི་རེ་བ་དང་སྲིད་གཞུང་གི་འགན་ལེན་ཡང་རེད། ཉེ་བའི་ལོ་འདི་དག་ཏུ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་སློབ་གསོའི་བྱ་བཞག་གཙུགས་སུ་བཀུར་བས། ཁུལ་ཡོངས་ཀྱི་ལོ་ཆུང་གཞོན་ནུ་དག་གིས་སྣ་མང་ཕུན་སུམ་ཚོགས་པའི་སློབ་གསོ་མྱོང་ཐུབ་པ་བྱུང་ཡོད།

          རྫོང་འགག་གྲོང་རྡལ་གྱི་ལྟེ་བའི་སློབ་ཆུང་ནས་ལོ་ངོ་30ལྷག་ཏུ་སློབ་གསོའི་ལས་རྐང་ལ་འཐབ་པའི་དགེ་རྒན་ཧུང་དབྱིན་གྱིས། དེ་སྔའི་སློབ་གྲྭའི་སྡོད་ཁང་ནི་དགུན་དུས་བུ་ཡུག་གིས་གཙེས་ཤིང་དབྱར་དུས་ཆར་ཆུ་འཛེགས་པ་ཞིག་ཡིན་ལ། སློབ་གྲྭའི་ལུས་རྩལ་ཐང་ཡང་ཐན་དུས་ཐལ་རྡུལ་འཚུབ་ཅིང་གཞའ་བརློན་ཆེ་དུས་འདམ་གྱིས་ཁེབ་པ་ཞིག་ཡིན་མོད། སློབ་གླིང་ལེགས་བཅོས་ཀྱི་ལས་ཀ་སྤེལ་རྗེས། སློབ་གྲྭར་འགྱུར་བ་ཆེན་པོ་བྱུང་སྟེ། སློབ་གྲྭའི་སྒྲིག་ཆས་འཐུས་སྒོ་ཇེ་ཚང་དང་། སློབ་གྲྭའི་འཚོ་བ་ཡང་སྔ་ན་མེད་པའི་འགྱུར་བ་ཆེན་པོ་བྱུང་ཡོད། ཅེས་དགོད་ཞོར་དུ་ལབ་བྱུང་། 

        སྒྱུར་བཅོས་སྒོ་འབྱེད་ཀྱི་གཟི་འོད་རྔ་ཡུལ་དུ་འཕྲོས་པས། རྔ་ཁུལ་གྱི་སློབ་གསོ་ལས་རྐང་ལ་འཕེལ་འགྱུར་སྔ་ན་མེད་པ་ཞིག་བྱུང་ཡོད། དེ་བས་ང་ཚོས་ཀྱང་སློབ་གསོའི་ལས་རྐང་འདི་ཕུན་སུམ་ཇེ་ཚོགས་སུ་ཡོང་བར་འབད་པ་བྱ་དགོས་སོ། ། 


རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།