སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་སྙིང་དབུས་ནས་བསྔགས་བརྗོད་ཞུས་པ།

རྩོམ་པ་པོ།   དུས་ཚོད།   2018-12-21   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

       རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་སྙིང་དབུས་ནས་བསྔགས་བརྗོད་ཞུས་ཡོད་པ་རེད།

       ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠ནང་། གྲུབ་འབྲས་དང་དོན་སྙིང་གི་ཁྱབ་ཁོངས་དེ། ཀྲུང་གོ་གཅིག་གི་མཚམས་ལས་ཡོངས་སུ་བརྒལ་ཡོད། ཕྱི་རྒྱལ་གྱི་སྨྱན་སྦྱོར་ནས། ཐེངས་དེའི་༼ཀྲུང་གོའི་འཕེལ་རྒྱས་ཁ་ཕྱོགས་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་བཏང་བའི་༽སྒྱུར་བཅོས་སྒོ་དབྱེ་དེས། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་དཔལ་འབྱོར་གསར་བརྗེ་གལ་ཆེ་ཤོས་ཀྱི་འགོ་ཡང་བཙུགས་ཡོད་ཅེས་བསྟན་ཡོད་པ་རེད།

       སྤྱི་ཟླ་༡༢པའི་ཚེས་༡༨ཉིན། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གི་ཚིག་སྦྱོར་སྙན་ལ་ཤུགས་དང་ལྡན་པའི་བཀའ་མོལ་ལ་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། ལོ་མང་པོའི་རིང་ལྗར་པན་དུ་སྡོད་མཁན་ཕྱིར་སྡོད་རང་མི་ཧོང་ཞོལ་ཆིང་གིས་ཚོགས་ཆེན་བརྒྱུད་གཏོང་ལ་བལྟས་རྗེས་ཧ་ལས་པའི་ཚོར་སྣང་ཞིག་བྱུང་ཡོད། མེས་རྒྱལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་གིས་ཕྱི་རྒྱལ་དུ་ཡོད་པའི་ཁོང་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་། སེམས་གཏིང་ནས་འཆར་བའི་སྤོ་སེམས་ནི་སྐད་ཆའི་ཐོག་ནས་མཚོན་པར་དཀའ་བ་ཞིག་ཡིན། ཁོང་གིས། ད་ལྟ་ཀྲུང་གོས་བཟོས་པའི་ཐོན་རྫས་ལྗར་པན་གྱི་ཁྲོམ་རའི་ཐོག་གང་སར་མཐོང་རྒྱུ་ཡོད་པ་དང་། བཟོ་རྩལ་ཐོན་རྫས་སྟབས་བདེ་ནས་ཚན་རྩལ་ལག་རྩལ་མཐོ་བའི་ཐོན་རྫས་ལ་རིམ་གྱིས་འཕེལ་རྒྱས་བྱུང་ཡོད། དཔེར་ན་ཧྭ་ཝེ་ཀུང་སིའི་ཐོན་རྫས་ཀྱི་བརྡ་ཁྱབ་རྒྱུན་དུ་བརྙན་འཕྲིན་ནང་མཐོང་རྒྱུ་ཡོད། ད་ལྟ་ལྗར་པན་གྱིས་ཀྲུང་གོའི་ཆབ་སྲིད་དང་དཔལ་འབྱོར་ཙམ་མ་ཡིན་པར། ང་ཚོའི་རྒྱལ་ཁབ་ཀྱི་མི་དམངས་ཀྱི་གནས་ཚུལ་དང་། མང་ཚོགས་རྣམས་ཀྱི་འཚོ་བའི་གནས་བབ་ལའང་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ལོ་ངོ་བཅུ་ཕྲག་ཁ་ཤས་རིང་གི་སྒྱུར་བཅོས་སྒོ་དབྱེ་ཁྲོད་ནས། རྒྱལ་སྤྱིའི་ཐོག་རང་རེའི་རྒྱལ་ཁབ་ཀྱི་ཤུགས་རྐྱེན་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་ཅེས་བསྟན་ཡོད་པ་རེད།

        ཀྲང་ཡུན་མོང་ནི་དབྱིན་ཇིའི་ཤེ་ཧྥེར་ཏེར་འཚོ་བ་སྐྱེལ་བཞིན་ཡོད། ཁོང་ས་ཆ་དེ་གར་སློབ་མཐར་ཕྱིན་པ་དང་། ལས་ཀར་ཞུགས་པ་ཞིག་ཡིན་ལ། ཡང་སྒོས་སུ་ཁྱིམ་ཚང་བཙུགས་པ་ཞིག་ཡིན། པེ་ཅིང་གི་དུས་ཚོད་སྤྱི་ཟླ་༡༢པའི་ཚེས་༡༨ཉིན་གྱི་ཉིན་དགུང་། དབྱིན་ཇིར་མཚན་དགུང་ཡིན་མོད། ཁོང་གིས་རང་གི་རྒྱ་སྐད་དེ་ཙམ་མི་ཤེས་པའི་ཕྱི་ཁོངས་ཀྲུང་གོ་བའི་ཁྱོ་ག་དང་མཉམ་དུ་ཚོགས་ཆེན་གྱི་ཐད་གཏོང་ལ་བལྟས་ཡོད། ཁོང་གིས། གལ་ཏེ་འདི་འདྲའི་སྒོ་དབྱེ་པའི་རྒྱལ་ཁབ་ཀྱི་སྲིད་ཇུས་མེད་ན། ཁོང་གིས་ཕྱི་རྒྱལ་དུ་འགྲོ་མི་སྲིད་ལ། ད་ལྟའི་ཡོད་ཚད་ཡོང་མི་སྲིད་ཅེས་ཤོད་པ་དང་། ཁོང་གིས། རང་རྒྱལ་གྱིས་སྒོ་དབྱེ་འདུ་ཤེས་དང་སྲིད་ཇུས་རྒྱུན་བསྐྱངས་བཞིན་ཡོད་པས། འཛམ་གླིང་ལ་ཡོངས་སུ་ཁ་ཕྱོགས་པ་ཞིག་རེད། སྒོ་དབྱེ་ཐོག་ནས་འཛམ་གླིང་དང་ཡོངས་སུ་འབྲེལ་མཐུད་ཐུབ་པར་བརྟེན། མང་ཚོགས་ཤིག་ཡིན་པའི་ཁོང་ཡང་ཕྱི་རྒྱལ་དུ་བསྐྱོད་པའི་བསྐལ་པ་བཟང་པོ་བྱུང་བ་དང་། དབྱིན་ཇིར་སླེབས་ནས་སློབ་མཐར་ཕྱིན་ནས་ལས་ཀར་ཞུགས་ཤིང་། ཁྱིམ་ཚང་ཡང་འཛུགས་ཐུབ་པ་བྱུང་ཞེས་བཤད་ཡོད་པ་རེད།

       བཅར་འདྲི་དང་ལེན་བྱེད་མཁན་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་ཁྲོད། ཝའེ་ཝེ་ཆུང་ནི་ཅུང་ལོ་རྒན་པ་ཞིག་རེད། ཁོང་ནི་ཧྥ་རན་སིར་འཚོ་སྡོད་བྱས་ནས་ལོ་མང་སོང་བ་ཞིག་རེད། ཁོང་གིས། ཁོང་ནི་བསྒྱུར་བཅོས་སྒོ་དབྱེ་ཀྱི་དཔྱིད་རླུང་བསིལ་འཇམ་ཁྲོད་ཀྱི་མི་རབས་ཤིག་ཡིན་པས། མེས་རྒྱལ་གྱི་འཕེལ་རྒྱས་དེ་མིག་མཐོང་ལག་ཟིན་བྱུང་ཞེས་ཤོད་པ་དང་། ཕྱི་རྒྱལ་དུ་ཡོད་པའི་ཁོང་གི་གདེང་ཚོད་སྔར་བས་ཇེ་ཆེར་སོང་ཡོད། ཝའེ་ཝེ་ཆུང་གིས། ཧྥ་རན་སི་བ་མང་པོས་ཀྲུང་གོའི་རིག་གནས་ལ་དགའ་པོ་བྱེད་པ་དང་། ཀྲུང་གོར་བལྟ་བར་འགྲོ་འདོད་བྱེད་ཀྱི་ཡོད། ཁོང་གིས་ངོ་ཤེས་པའི་ཀྲུང་གོར་བསྐྱོད་མྱོང་མཁན་ཧྥ་རན་སིའི་གྲོགས་པོ་ཚང་མས། ཕྱིར་ཧྥ་རན་སིར་ལོག་རྗེས་ཀྲུང་གོའི་འཕེལ་རྒྱས་མྱུར་ཚད་ལ་ཧང་སངས་འགྲོ་བ་དང་། འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས། ལོ་འདི་དག་ནང་ཀྲུང་གོའི་ཇུས་བཀོད་མང་པོ་ཞིག་མཐོང་རྒྱུ་ཡོད་ལ། ཀྲུང་གོའི་རང་བརྟེན་ཚོང་རྟགས་ཀྱི་ཐོན་རྫས་ཀྱང་ཧྥ་རན་སིའི་ཁྲོམ་རར་བསྐྱོད་ཡོད་པ་མ་ཟད། ཧྥ་རན་སིའི་འཛད་སྤྱོད་པའི་བསྔགས་བརྗོད་ཐོབ་ཡོད་པས། ཁོང་སྤོ་སེམས་ཆེན་པོ་སྐྱེ་བ་དང་། ཀྲུང་གོ་བའི་ཞབས་ཞུའི་སྙིང་སྟོབས་ནི་ཡོ་རབ་བས་འགྲན་ཟླ་གྲལ་བ་ཞིག་རེད་ལ། ཉིན་རེ་བཞིན་ཤུགས་ཇེ་ཆེར་འགྲོ་བའི་ཀྲུང་གོ་བའི་ཉོ་སྒྲུབ་ནུས་པ་ལའང་ཧྥ་རན་སི་བས་ཡིད་སྨོན་བྱེད་བཞིན་ཡོད། ད་ལྟ་ཀྲུང་གོའི་ཡུལ་སྐོར་བ་ནི་ཧྥ་རན་སིར་ཡུལ་སྐོར་བྱེད་མཁན་ཆེས་གཙོ་བོ་ཡིན་པ་དང་། ས་གནས་མང་པོ་ཞིག་ཏུ་རྒྱ་ཡིག་གི་མཚོན་དོན་མཐོང་རྒྱུ་ཡོད་པ་དང་། ཞིབ་ཆ་འདི་དག་ཚང་མས་ཁོང་ཕྱི་རྒྱལ་དུ་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བ་ཞིག་ཡིན་པའི་ཆ་ནས་སྤོབས་སེམས་ཆེན་པོ་སྐྱེས་ཀྱི་འདུག་ཅེས་བཤད་ཡོད་པ་རེད།







རྩོམ་སྒྲིག་པ། ཀླུ་རྒྱལ་ཚེ་རིང་།