དབུལ་བྲལ་ཕྱུག་འགྱུར་ནི་མི་གཅིག་གི་དོན་ཙམ་མིན།

ཁྱུང་མཆུ་གྲོང་རྡལ་ར་སྐོར་སྡེ་བའི་ཕུར་བ་སྐྱབས་ཀྱིས་ཡུལ་མི་རྣམས་ཀྱི་སྣེ་ཁྲིད་དེ་དབུལ་བྲལ་ཕྱུག་འགྱུར་ཏུ་བསྐྱོད་པའི་གནས་ཚུལ་རགས་བཀོད།

རྩོམ་པ་པོ།   ཚེ་རིང་ལྷ་མོ། དུས་ཚོད།   2018-11-02   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཉེ་བའི་ལོ་ཤས་རིང་། ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་གྱིས་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་འཛིན་གྲོང་ཚོ་སོ་སོའི་ཏང་ཀྲི་པུའུ་ཡི་འགོ་ཁྲིད་འོག་ཏུ། ཧུར་ཐག་ངང་ཁྱིམ་ཚང་དབུལ་ཕོངས་ལ་ལས་ཞུགས་ཀྱི་སྟེགས་བུ་མཁོ་སྤྲོད་དང་། ཕྱིར་རང་ཡུལ་དུ་ལོག་པའི་མི་རྣམས་ལ་བྱ་བཞག་གསར་གཏོད་བྱེད་པར་སྣེ་ཁྲིད་བྱས་ཤིང་། མང་ཚོགས་ཀྱི་འགོ་ཁྲིད་དེ་ཁྱད་ལྡན་ཐོན་ལས་དར་སྤེལ་བཏང་བ་དང་ཁྱིམ་ཚང་དབུལ་ཕོངས་ཀྱི་རང་རྟོགས་འདུ་ཤེས་ལ་ཤུགས་བསྣན་ཏེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྐུལ་མ་བཏང་།

            ཁྱུང་མཆུ་གྲོང་རྡལ་ར་སྐོར་སྡེ་བ་རུ་ཡོད་པའི་ཆོལ་གསུམ་མཐུན་སྒྲིལ་རྟགས་མའི་བཟོ་ཚོང་ཁང་ནི་མི་རིགས་རིགས་གནས་ཀྱི་ཁྱད་ཆོས་ལྡན་ཞིང་། ཇུས་འགོད་དང་ཐོན་སྐྱེད། ཕྱིར་འཚོང་བཅས་གཞི་གཅིག་ཏུ་འབྲེལ་བའི་བོད་ལྭ་ཚོང་ཁང་ཞིག་ཡིན། ཚོང་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ40དང་བཟོ་འཁོར8ཡོད་ལ། ལོ་རེར་བོད་ལྭ9000ལྷག་ཐོན་སྐྱེད་བྱེད་ཐུབ་ཅིང་དེའི་རིན་གོང་ནི་སྒོར་ཁྲི240ལྷག་རེད།

            ཚོང་བདག་ཕུར་བ་སྐྱབས་ཚང་ནི་སྔོན་ཆད་ར་སྐོར་སྡེ་བའི་ཁྱིམ་ཚང་དབུལ་ཕོངས་ཡིན་ལ། ཁྱིམ་ཚང་དབུལ་ཕོངས་ནས་ཚོང་བདག་ཏུ་གྱུར་བའི་བརྒྱུད་རིམ་བཤད་དུས་ཕུར་བ་སྐྱབས་ལ་མྱོང་ཚོར་ཟབ་མོ་ཡོད་དེ། ཁོས་བཤད་རྒྱུར། ང་རང་ཆུང་ངུ་ཡིན་དུས་ནས་ཕ་མ་གཉིས་ཀ་འདས་ཤིང་། བརྟེན་ས་ཅི་ཡང་མེད་ལ། དེའི་ཁར་ང་རང་དབང་བོ་སྐྱོན་ཅན་ཡིན་པས། འཚོ་བ་ཧ་ཅང་སྐྱོ་བོ་ཆགས་ཡོད། ཡུལ་མི་རྣམས་ཀྱི་རོགས་རམ་འོག་ཏུ་འཚོ་ཐབས་ཙམ་བྱས་ཡོད། རྗེས་སུ་གྲོགས་པོ་ཞིག་གིས་མཚམས་སྦྱོར་བྱས་པ་ལྟར། སྔ་གཞུག་ཏུ་མཚོ་སྔོན་དང་བོད་ལྗོངས་སོགས་ཕྱོགས་སོ་སོར་སོང་ནས་བོད་ལྭ་བཟོ་བའི་ལག་རྩལ་ལ་སློབ་སྦྱོང་བྱས་པ་ཡིན་ཟེར། ཇི་སྐད་དུ། མི་ལ་བརྩོན་འགྲུས་ལྡན་གྱུར་ན།། འཇིག་རྟེན་འདི་ན་དཀའ་བ་མེད།། ཅེས་པ་ལྟར། ཕུར་བ་སྐྱབས་ཀྱི་དཀའ་སྤྱད་སྡུག་རུས་དང་འབད་འབུངས་ལྷོད་མེད་ལ་འབྲས་བུ་གཡུར་དུ་ཟ་བ་ཐོབ་སྟེ། ལག་རྩལ་བྱང་ཆུབ་པའི་བོད་ལྭ་བཟོ་བ་ཞིག་ཏུ་གྱུར་བ་རེད།

           ཕུར་བ་སྐྱབས་ཀྱི་བོད་ལུགས་བཟོ་ཁང་ནི། ལག་ཤེས་བཟོ་ལས་གཙང་མས་ལས་པ་དང་། བཟོ་རྩལ་ཁྱད་དུ་འཕགས་ལ་རྒྱུ་སྤུས་ཀྱང་ཤིན་ཏུ་བཟང་བས། འཛད་སྤྱོད་པས་དགའ་མོས་ཆེན་པོ་བྱེད་ཀྱིན་ཡོད། ཧུང་ཡོན་རྫོང་དུ་བོད་ལྭ་ཚོང་ཁང་གཉིས་ཡོད་པ་ཕུད། ཁོ་ལ་ད་དུང་ཆུ་ཆེན་རྫོང་དང། མཛོད་དགེ་རྫོང་། མཚོ་སྔོན་གྱི་གཅིག་སྒྲིལ་རྫོང་། དཀར་མཛེས་ཀྱི་བྲག་འགོ་རྫོང་། ཀན་སུའུ་ཡི་རྨ་ཆུ་རྫོང་སོགས་སུ་ཚབ་འཚོང་ཁང6ཡོད་ན་ཡང་། ད་དུང་མཁོ་མང་འདོན་ཉུང་གི་གནས་ཚུལ་བྱུང་དང་འབྱུང་བཞིན་འདུག

           ཁ་དཔེ་ལ་ཆོས་འགོ་འཁྱོངས་ན་བླ་མ་མི་བརྗེད། གཉེན་འགོ་འཁྱོངས་ན་བར་བ་མི་བརྗེད་ཅེས་པའི་དཔེ་ལྟར། ཕུར་བ་སྐྱབས་ཀྱི་ཚོང་ལས་ལ་ལམ་ལྷོང་བྱུང་དུས། ཁོ་ལ་ཡུལ་མི་སྤུན་ཟླར་དྲིན་གཟོ་བའི་སེམས་དང་ཕ་ས་ཕ་ཡུལ་ལ་ཕན་པ་བསྒྲུབ་པའི་ལྷག་བསམ་ཟོལ་མེད་པ་ཞིག་སྐྱེས་ཏེ། 2015ལོར། ཁོས་ཁྱུང་མཆུ་གྲོང་རྡལ་གཙོས་རྫོང་ཡོངས་ཀྱི་ཁྱིམ་ཚང་དབུལ་ཕོངས་ཀྱི་མི་དང་དྭ་ཕྲུག་རྣམས་ལ་ཁ་ཕྱོགས་ནས་སློབ་མ་བསྡུ་ལེན་བྱས།

            ད་སྐབས་ངའི་ཚོང་ཁང་གི་ཚོང་ཤིན་ཏུ་བྲིན་པོ་འདུག ཁྱིམ་ཚང་དབུལ་ཕོངས་འདི་འདྲའི་མང་པོ་ཞིག་འདུག་པ་མཐོང་ན། ངས་སློབ་རིན་མ་བླངས་པར་སློབ་མ་བསྡུས་པ་འདི་ནི་དོན་དག་ཆུང་ཆུང་ཞིག་རེད། ངའི་རེ་བ་ནི་ཁོ་ཚོས་ལག་རྩལ་ཞིག་ཁོང་དུ་ཆུད་ནས། རང་ཁ་གསོ་ཐུབ་པ་ཞིག་བྱུང་རྒྱུ་དེ་ཡིན། ཡུལ་མི་སྤུན་ཟླ་རྣམ་པའི་ཆེད་དུ་རང་གིས་ནུས་པའི་དོན་དག་རེ་བསྒྲུབ་རྒྱུ་ནི་ངའི་སེམས་འདུན་ཞིག་ཡིན་ཞེས་ཕུར་བ་སྐྱབས་ཀྱིས་བཤད།

            གསར་འགོད་པ་རྒྱུས་ལོན་བྱས་པ་ལྟར་ན། ད་སྐབས་བཟོ་ཁང་དུ་སློབ་མ15ཡོད་ཅིང་། ཕུར་བ་སྐྱབས་ཀྱིས་ཁོ་ཚོ་ལ་སྡོད་གནས་དང་ཁ་ཟས་མཁོ་སྤྲོད་བྱས་པ་ལས་གཞན། ཚེམ་བཟོའི་ལག་རྩལ་སློབ་ཁྲིད་བྱེད་པ་རེད། བཟོ་རྩལ་ཚད་ངེས་ཅན་ཞིག་ལ་སླེབས་ན་བོད་ལྭ་གསར་བཟོའི་ལས་ཀར་ཞུགས་ཆོག་ལ། དེའི་ཁྲོད་ནས་བབ་མཐུན་གྱི་ཡོང་འབབ་ཀྱང་རག་ཐུབ་པ་རེད།

             ཧུང་ཡོན་རྫོང་ཨ་མོས་ཡུལ་ཚོའི་ཁྱིམ་ཚང་དབུལ་ཕོངས་ཡིན་པའི་སློབ་མ་སྒྲ་དབྱངས་ཀྱིས་གསར་འགོད་པར་བཤད་རྒྱུར། འདི་ནས་སྡོད་ཁང་དང་བཟའ་བཅའ་ལ་རིན་མི་དགོས་པ་ལས་གཞན། ཚེམ་བཟོའི་ལག་རྩལ་ལ་སློབ་སྦྱོང་བྱེད་ཐུབ་ལ། བོད་ལྭ་ཞིག་བཟོ་ཐུབ་སོང་ན། སྒོར105ཡི་གླ་ཕོགས་ཐོབ་ཅིང་། ཟླ་རེར་སྒོར3000ལྷག་གི་ཡོང་འབབ་ཡོད་པས། ངའི་ད་སྐབས་ཀྱི་འཚོ་བ་སྐྱིད་པོ་འདུག་ཟེར།

             ཕུར་བ་སྐྱབས་ཀྱིས་བཤད་པ་ལྟར་ན། ཁོས་ཚོང་ཁང་ཕྱེས་ཏེ་སློབ་མ་བསྡུས་པ་ནས་བཟུང་། རྫོང་ཡོངས་ཀྱི་གྲོང་རྡལ་དང་ཡུལ་ཚོ་སོ་སོའི་ཁྱིམ་ཚང་དབུལ་ཕོངས་ཡིན་པའི་སློབ་མ་བརྒྱ་ལྷག་སྔ་གཞུག་ཏུ་འདིར་ཡོང་ནས་ལག་རྩལ་སློབ་སྦྱོང་བྱས་ཤིང་། ད་སྐབས། སློབ་མ་མང་པོ་ཞིག་གིས་རང་ཉིད་ཀྱི་བོད་ལྭ་ཚོང་ཁང་གཉེར་ཡོད་པར་མ་ཟད། ཚོང་ལམ་ཡང་བྲིན་པོ་འདུག་ཟེར། ཁོས་མཚམས་སྦྱོར་བྱས་པ་ལྟར། གསར་འགོད་པ་སྔོན་ཆད་ཆོལ་གསུམ་མཐུན་སྒྲིལ་བོད་ལྭ་ཚོང་ཁང་ནས་ལོ་གཉིས་ལ་སློབ་སྦྱོང་བྱེད་མྱོང་བའི་བསམ་འཕེལ་གྱིས་གཉེར་བའི་མི་རིགས་གྱོན་ཆས་ཚོང་ཁང་དུ་ཕྱིན། ཚོང་ཁང་འདི་ནི་ཧུང་ཡོན་རྫོང་མཁར་དུ་ཡོད་པ་རེད། ཚོང་བདག་བསམ་འཕེལ་གྱིས་བཤད་ན། ཁོས་ཆོལ་གསུམ་མཐུན་སྒྲིལ་བོད་ལྭ་ཚོང་ཁང་ནས་སློབ་སྦྱོང་བྱས་རྗེས། ཚོང་ཁང་འདི་གཉེར་བ་རེད། ད་སྐབས་ཉིན་རེར་བོད་ལྭ་གཉིས་གསུམ་ཙམ་བཙོངས་ཐུབ་པས། ཟླ་རེའི་ཡོང་འབབ་སྒོར4000ཙམ་ཡོད་པས། འཚོ་བ་སྔར་བས་སྐྱིད་པོ་འདུག་ཟེར།

             ཕུར་བ་སྐྱབས་ལ་མ་འོངས་པའི་འཆར་གཞིའི་སྐོར་ནས་འདྲི་སྐབས། ཁོས་བཤད་རྒྱུར། ཐོན་སྐྱེད་ལས་གཉེར་གྱི་རྒྱ་ཇེ་ཆེར་བསྐྱེད་དེ། རྫོང་ཡོངས་ཀྱི་ཁྱིམ་ཚང་དབུལ་ཕོངས་ཡིན་ལ་འདིར་སློབ་སྦྱོང་ལ་ཡོང་མོས་ཆེ་བའི་སློབ་མ་ཚང་མ་བསྡུས་ཏེ། ཁོ་ཚོར་རང་ཁ་རང་གསོ་བྱེད་ཐུབ་པའི་ལག་རྩལ་ཞིག་ཁོང་དུ་ཆུད་པར་བྱ་དགོས་ཟེར།

           ཆུང་དུས་ནས་གཞན་གྱི་རོགས་རམ་དང་རྒྱབ་སྐྱོར་གང་མང་ཐོབ་མྱོང་བའི་ཕུར་བ་སྐྱབས་ཀྱིས། རང་ཉིད་འཇོན་ཐང་ཅན་དུ་གྱུར་རྗེས། ཁོ་ཚོ་མ་བོར་བར་རང་ཉིད་ཀྱི་ནུས་པ་ལ་བརྟེན་ནས། འཚོ་བ་ལ་དཀའ་ཁག་ཆེ་ཞིང་། དཔལ་འབྱོར་གྱི་ཡོང་སྒོ་མེད་པའི་མི་སྐོར་ཞིག་ལ་ལག་རྩལ་བསླབ་ཏེ་ལས་ཞུགས་ཀྱི་གོ་སྐབས་བསྩལ་ཅིང་ཕྱུག་འགྱུར་གྱི་སྟེགས་བུ་སྤྲད། འདི་ནི་སྤྱི་ཚོགས་ལ་འགན་ཁུར་བའི་ཆེས་དཔེ་མཚོན་ལྡན་པའི་གཏམ་རྒྱུད་ཅིག་ཅི་ལ་མིན།  

རྩོམ་སྒྲིག་པ།  ཚེ་པེ།