ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་༡༢ཚོགས་འགོ་ཚུགས།

རྩོམ་པ་པོ།   དུས་ཚོད།   2018-10-31   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

             ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་༡༢སྤྱི་ཚེས་༣༠ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འགོ་ཚུགས་པ་དང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་ཡང་། ཝང་ཧུའུ་ཉིང་། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུར་ཞུགས་ནས་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་ཀྲའོ་ལ་ཅིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་གསུངས་ཡོད་པ་རེད

           བརྗིད་ཉམས་ལྡན་པའི་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ནང་སྤྲོ་སེམས་རབ་ཏུ་འཁོལ་བའི་རྣམ་པས་ཁེངས་པ་དང་ཀྲུའུ་ཞི་སྟེགས་བུའི་སྟེང་དུ་ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་༡༢ཞེས་པའི་ཚོགས་ཆེན་གྱི་ཕྲེང་ཡིག་བཀལ་ཡོད་པ་དང་། དམར་མདངས་བཀྲ་བའི་ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་རྟགས་དེ་ཀྲུའུ་ཞི་སྟེགས་བུའི་རྒྱབ་ཀྱི་ཡོལ་ལའི་དཀྱིལ་ངོས་སུ་བཀལ་བ་དང་དར་དམར་བཅུ་ཁག་སོ་སོར་གཞོགས་གཉིས་སུ་བཙུགས་ཡོད། ཐོག་བརྩེགས་གཉིས་པའི་མཐོང་སྟེགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་ཚོར་མཐུན་སྒྲིལ་དང་སྐུལ་སློང་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་པའི་འཕྲེད་བཀལ་སྦྱར་ཡིག་བཀལ་ཡོད་པ་རེད། རྒྱལ་ཡོངས་ལས་རིགས་ཁག་ནས་ཕེབས་པའི་ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་མཁན་འཐུས་མི་༡༦༣༧དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ནས་ཕེབས་པའི་དམིག་བསལ་གདན་ཞུ་བྱས་པའི་འཐུས་མི་༧༩ཡིས་བུད་མེད་ཁྲི་སྟོང་མང་པོའི་མངག་བཅོལ་ཕྲག་སྟེང་དུ་འཁུར་ནས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།

           སྔ་དྲོའི་ཆུ་ཚོད་དགུ་དང་སྐར་མ་སུམ་ཅུའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཚོགས་རའི་ནང་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད་པ་རེད།

           རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཧྲེན་ཡོས་ཡོས་ཀྱིས་ཚོགས་ཆེན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚང་མ་ཡར་བཞེངས་ནས་རྒྱལ་གླུ་བླངས་ཡོད་པ་རེད།

           ཀྲའོ་ལེ་ཅིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་འགོ་བརྗོད་དུ་དུས་རབས་གསར་པའི་ལམ་བུའི་ཁྲོད་གནམ་ཕྱེད་ཀའི་བརྗིད་ཉམས་ཆེ་ཞིང་ཡིད་དབང་འཕྲོག་པའི་ལེའུ་གཏོད་ཅེས་པའི་ཤིས་ཚིག་གསུངས་ཡོད་པ་རེད། ཀྲའོ་ལེ་ཅིས་ཐོག་མར་ཚོགས་ཆེན་སྐོང་འཚོགས་བྱས་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་དང་རྒྱ་ཆེའི་བུད་མེད་ལས་དོན་པར་བྱམས་བརྩེའི་འཚམས་འདྲི་གནང་བ་མ་ཟད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐེ་ཝན་ས་ཁུལ་བཅས་ཀྱི་བུད་མེད་སྤུན་ཟླ་དང་ཕྱིར་སྡོད་ཀྲུང་གོ་བའི་བུད་མེད་སྤུན་ཟླ་བཅས་ལ་སྨོན་འདུན་བཟང་པོ་ཞུས་ཡོད་པ་རེད།

           ཀྲའོ་ལེ་ཅིས་ཤིས་ཚིག་གསུངས་སྐབས། ཀྲུང་གོའི་བུད་མེད་ཀྱི་ཚོགས་ཆེན་བཅུ་གཅིག་པ་འཚོགས་ཚུན། རིམ་ཁག་བུད་མེད་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འདུ་ཤེས་བཞི་ཆེ་རུ་བཏང་བ་དང་། བློ་སྤོབས་བཞི་བརྟན་དུ་བཏང་བ། རྒྱ་ཆེའི་བུད་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་རྒྱུར་ཁྲིད་སྟོན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་སྟེ། རང་རྒྱལ་གྱི་བུད་མེད་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་དང་། ཏང་གིས་སྲིད་འཛིན་པའི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུའི་ཐད་ལེགས་སྐྱེས་གསར་པ་ཕུལ་ཡོད། རྒྱ་ཆེའི་བུད་མེད་ཀྱི་བསམ་པའི་ཉམས་འགྱུར་གསར་པ་མངོན་པ་དང་། འབད་བརྩོན་ལྷོད་མེད་དང་བློ་བརྟན་ཞུམ་མེད། བློ་གྲོས་ལྡན་ལ་བློ་གཤོགས་ཆེ་བ་བཅས་ཀྱི་དུས་རབས་གསར་པའི་བུད་མེད་ཀྱི་ཉམས་འགྱུར་མངོན་ཡོད་ཅེས་གསུངས་ཡོད་པ་རེད།

           ཀྲའོ་ལེ་ཅིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བུད་མེད་དང་བུད་མེད་ལས་དོན་ཐད་ལ་གནང་བའི་གལ་ཆེའི་རྣམ་བཤད་ཀྱིས་དུས་རབས་གསར་པའི་བུད་མེད་ཀྱི་བྱ་གཞག་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་གཞི་རྩའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་བཏོན་པའི་བརྗིད་ཆེའི་འཆར་འགོད་མངོན་འགྱུར་བྱེད་པར་བུད་མེད་ཚུད་པའི་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། རྒྱ་ཆེའི་བུད་མེད་ནས་ཕུགས་བསམ་གྱི་འདུ་ཤེས་བརྟན་པོའི་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལག་ལེན་པ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་མཁན་དང་རླབས་ཆེའི་བྱ་གཞག་གཏོད་མཁན། རྣམ་པ་གསར་པ་མངོན་པ་དང་ཤེས་དཔལ་དར་སྲོལ་གྱི་དར་སྤེལ་བ། རྒྱང་སྐྱོད་གསར་པར་སྐྱོད་མཁན་དང་ཕུགས་བསམ་འཚོལ་རྙེད་བྱེད་ཕོད་པའི་འབད་འཐབ་པ་བཅས་བྱས་ཏེ། ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་ཡོད་པ་རེད།

           ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅི། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཨང་དང་པོ་ལི་ཡུས་པིན་གྱིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་། ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་མཛའ་འབྲེལ་ལྷན་ཚོགས། ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ཤིས་ཚིག་གནང་ཡོད། ཤིག་ཚིག་ནང་། མང་ཚོགས་ཚོགས་པའི་སྒྲིག་འཛུགས་ཀྱིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་ནན་ཏན་བྱ་དགོས་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་གཅིག་གྱུར་བཀོད་འདོམས་བྱས་ཏེ། མང་ཚོགས་ཚོགས་པའི་སྒྲིག་འཛུགས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། མང་ཚོགས་ཚོགས་པའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ངོ་བོ་ནམ་ཡང་གནས་པ་བྱ་དགོས་ཞེས་འཁོད་ཡོད་པ་རེད།

           ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཧོང་ཞའོ་ཝེ་ཡིས། ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཅུ་གཅིག་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་འགོ་བརྗོད་དུ་༼ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེང་བ་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་ལ་མཐུན་སྒྲིལ་དང་སྐུལ་སློང་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱ་དགོས་པའི་༽སྙན་ཞུ་གནང་ཡོད། སྙན་ཞུ་དེ་ཁག་ལྔ་ལ་དབྱེ་ཡོད་པ་སྟེ། གཅིག དུས་རབས་གསར་པར་བསྐྱོད་པའི་ཀྲུང་གོའི་བུད་མེད་དང་བུད་མེད་སྒྲིག་འཛུགས་དང་། གཉིས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་དགོངས་པར་བརྟེན་ནས་བུད་མེད་ལས་དོན་ལ་གཅིག་གྱུར་བཀོད་འདོམས་བྱས་པའི་ལག་ལེན་གསར་པ། གསུམ་ནི་དུས་རབས་གསར་པའི་ཀྲུང་གོའི་བུད་མེད་ཀྱི་འགན་འཁྲི། བཞི་ནི་དུས་རབས་གསར་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་གྱི་དྲི་བ་གསར་པར་ལན་ཧུར་ཐག་འདེབས་པ། ལྔ་ནི་དུས་རབས་གསར་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་ལ་སྒྱུར་བཅོས་མཐར་ཕྱིན་པ་བྱེད་པ་བཅས་ཡིན།

           ཚོགས་ཆེན་ཐོག་ཡིག་ཐོག་སྙན་ཞུའི་ཐོག་ནས་ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག་གི་བཟོ་བཅོས་འཆར་ཟིན་ འཐུས་མིར་གྲོས་ཞིབ་གནང་རྒྱུར་ཕུལ་ཡོད། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

           ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། དམག་དཔུང་གི་འབྲེལ་ཡོད་ཚན་པ། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། མི་དམངས་ཀྱི་ཚོགས་པ་ཁག པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན། པེ་ཅིང་དུ་ཡོད་པའི་པུའུ་རིམ་པའི་བུད་མེད་འགོ་ཁྲིད་ལས་བྱེད་པ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་པ་རྒན་གྲས་ཁག་ཅིག རྒྱལ་སའི་ལས་རིགས་ཁག་གི་བུད་མེད་འཐུས་མི་བཅས་འགོ་ཚུགས་མཛད་སྒོར་ཞུགས་ཡོད།

རྩོམ་སྒྲིག་པ།  ཚེ་པེ།