སྨར་ཁམས་ཡུལ་གྱི་གཏམ་དཔེ།

རྩོམ་པ་པོ།   དུས་ཚོད།   2018-10-31   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

         ༡ སེང་གེ་གངས་ལ་བསྡད་ན་སེང་གེ་དང་། སེང་གེ་གྲོང་ནང་ཡོང་ན་ཁྱི་རྒན་འདྲ།
         ༢ དུག་ནག་པོ་ཟས་ན་འཆི་ཉེན་ཡོད། རྗེ་དཔོན་ལ་འགྲན་ན་འཕུང་ཉེན་ཡོད།
        ༣ ཁ་ཙི་ཁུང་ཙམ་ནས། སྡིག་པ་རི་རབ་ཙམ་བསགས། 
        ༤ ཞིམ་བུ་རམ་ཞིམ་ཡང་། ཟ་ཡུན་རྩམ་པ་རིང་།
        ༥ མི་མང་པོའི་ལག་དེ་གསེར། མི་མང་པོའི་ཁ་དེ་ཐན། 
        ༦ ཚིག་འཇམ་པོ་རྒྱ་མོའི་དར་ལས་འཇམ། དོན་རྩུབ་པ་སྐྱེས་པའི་ཚེར་མ་འདྲ།
        ༧ ཉི་མ་རིང་པོའི་ནང་ལ། རྩམ་པ་ཞིབ་ཞིབ་འཐག་ཆོག
        ༨ དཔའ་རྒོད་པོ་ཡིན་ཡང་དཔུང་ཡ་དགོས། དཔའ་དཔུང་རོགས་མེད་ན་དོན་མི་འགྲུབ།
        ༩ ལུང་པ་ཆུས་ཁེངས་ན། རྡོ་ལེབ་སྐམ་པོ་ལུས་ས་མེད།
        ༡༠ འགག་རྩ་ཆེ་བའི་དུས་ལ་ཐུག་པའི་ཚེ། ཕོ་གསར་གྱི་དཔའ་ངར་ལས་མི་རྒན་གྱི་ཇུས་གཞི་དགའ།
        ༡༡ དོན་ཆེན་འགྲུབ་དགོས་ན་ངང་ཆེན་དགོས། དཔེར་ན་རྩིད་སྐུད་ཀྱིས་གཡག་རོ་དྲུད་པ་ཇི་བཞིན།
        ༡༢ ཁོ་སྟག་ལ་མཆོང་ཆེན་བཅོ་བརྒྱད་ཡོད་ན། ང་ཝ་ལ་འཛུལ་ཁུང་བཅུ་དགུ་ཡོད།
        ༡༣ དགྲ་མ་མཐོང་ཁ་ཡི་རྒྱང་གྲགས་ཆེ། འགྲམ་བཅར་ན་ཝ་མོ་ཁུང་འཛུལ་རེད།
        ༡༤ ལས་ཨུ་ཚུགས་མཐའ་སྐྱེལ་རྒོད་མོ་མིན། མདའ་རྟིང་མ་ཚོད་བཟུང་མཁས་པ་ཡིན།
        ༡༥ རི་མཐོན་པོར་མགོ་སྒུར་དུ་འཇུག་པ། ཆུ་ཆེན་པོ་ལམ་གཟུར་དུ་འཇུག་པ།
        ༡༦ ངང་པ་མཚོ་མོའི་ཐོག་ལ་འཕུར་དུས། ཡར་ལྟ་དང་མར་ལྟ་གཉིས་ཀ་དགོས། 
        ཤྭ་བ་རི་ལ་བསྡད་དུས། ཕར་ལྟ་དང་ཚུར་ལྟ་གཉིས་ཀ་དགོས། 
        ༡༧ ས་དོག་མོ་རྩི་ཐོ་མང་ན་ཡང་། ཟ་ཉན་པ་འབྲུ་ཟན་སྣ་ལྔ་ཡིན།
        ཡུལ་ལུང་པ་ཡངས་རྒྱ་ཆེ་ན་ཡང་། བེད་ཆོད་པ་ཞིང་ཆུང་གྲུ་བཞི་ཡིན། 
        ༡༨ རྟ་རྒྱུག་ན་རྒྱུག་མཉམ་དང་།  གུར་ཕུབ་ན་ཁ་སྤྲོད་བྱེད་དགོས།
        ༡༩ གཅན་གཟན་ཤི་ན་སྡེར་མོ་མི་ཉམས། ཝ་མོ་ཤི་ན་གྲ་མི་ཉམས། 
        ༢༠ དམྱལ་བ་མ་མཐོང་སངས་རྒྱས་ལ་ཡིད་མི་ཆེས། འཁྱགས་པ་མ་མཐོང་ཆུ་ལ་གདུང་སེམས་མི་སྐྱེས། 
        ༢༡ བྱ་སྨྱོ་ནས་ཁང་པ་མི་རྡིབ།  ར་རྒན་འདྲོགས་ན་ཀ་མ་མི་ཐོག་ཡས་མེད། 
        ༢༢ མི་ལ་མི་དགོས་འཁྲུག་པ་དང་། ཤིང་ལ་མི་དགོས་འཛེར་པ་རེད། 
        ༢༣ ཞིང་མངར་ལྐུགས་པའི་སེམས་ལ་གསལ།  བྱམས་སྡང་བྱིས་པའི་ཡིད་ལ་ཡོད།
        ༢༤ སྤྱང་ཁྱི་ཐོག་ཁར་བཞག་དུས། གནམ་མཁའི་སྐར་མ་ཟུག་གི།
        ༢༥ ཚིག་པ་འདྲེ་ལ་ཟ། རྡུང་རྒྱུ་རྔ་ལ་རྡུང་།
        ༢༦ ཁ་ལ་པད་མའི་ལྷ་ཁང་བཞེངས། གཏིང་ལ་དགུ་རུའི་གཅུ་ཕུར་ཉར།
        ༢༧ ཐུགས་ཆུང་ཆུང་ཐུགས་གཡེང་མགནང་དང་། རྡོ་ཆུང་ཆུང་ལྷག་པས་ཁྱེར་དོགས་མེད། 
        ༢༨ ཨ་གསར་སྤ་མའི་མེ་ཏོག  འབར་དུས་དྲོ་སྟེ་འབར་ཡུན་ཐུང་། 
        ༢༩ བསྟན་འཛིན་བརྒྱ་ཕྲག་ཡོད་ཀྱང་ཉུང་སྐྱོན་དང་། བསྟན་བཤིག་གཅིག་ལས་མེད་ཀྱང་མང་སྐྱོན།
        ༣༠ ཁྲུང་ཁྲུང་བྱང་ལ་འགྲོ་དུས། ཕག་པས་ཇུས་གཏོགས་མེད།
        ༣༡ རྩྭ་ངན་ལ་རྫོགས་དུས་མེད། མི་ངན་ལ་ཤི་དུས་མེད། 
        ༣༢ ཡང་ན་དང་པོ་བལྟས་ན་ཤེས། ཡང་ན་ཞག་གསུམ་གཤིབ་ན་ཤེས།
        ༣༣ ང་རྒྱལ་ལྕགས་ཀྱི་སྒམ་བུ་ལ། ཡོན་ཏན་ཆུ་ཐིགས་ཙམ་ཡང་མི་ཆགས།
        ༣༤ སངས་རྒྱས་རང་མགོ་མི་ཐོན།  གཤིན་པོའི་ཡར་འདྲེན་ག་ནས་ཡོད།
        ༣༥ བསམ་རྒྱུ་རྟ་ཕོ་བསམ་རུང་།  རྐང་ཐང་ལས་ལ་བསྐོས་བྱུང་། 
        ༣༦ གཟར་མོའི་བྲག་ལ་མ་སོང་ན། བདེ་མོའི་སྤང་ལ་མི་སླེབས།
        ཡིད་སྐྱོ་མོའི་ལམ་ལ་མ་ཕྱིན་ན། སེམས་དགའ་བའི་གྲོགས་དང་མི་འཕྲད།
        ༣༧ ཨེ་སྐྱིད་བསམ་ནས་འབའ་ལ་འགྲོ། འབའ་མི་སྐྱིད་བྱ་དང་མཉམ་ལངས་རེད།
        ༣༨ ཡི་ངན་ཡུལ་གྱི་ཕུང་འདྲེ། རྡོ་རིལ་རྩིག་པའི་དཀྲུག་ཤིང་།
        ༣༩ ཡ་རབས་མ་རབས་སྤྱོད་པས་ཤེས། ཕ་ཡུལ་གང་ཡིན་སྐད་ཀྱིས་ཤེས། 
        ༤༠ མི་བརྒྱ་ཡར་ལ་འགྲོ་དུས། རྟུལ་ལི་ཐུར་ལ་རྒྱུག་འགྲོ།

རྩོམ་སྒྲིག་པ།  ཚེ་པེ།