སྦྲ་ནག་དྲན་བྱུང་།

རྩོམ་པ་པོ།   ཨོ་བུ། དུས་ཚོད།   2018-10-31   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ངས་སྦྲ་ནག་དྲན་བྱུང་།

མེས་པོའི་ང་ལ་གནང་བའི་སྦྲ་ནག་དེ་དྲན་བྱུང་།

དུས་རབས་ཀྱིས།

ངའི་མཐིང་སྨུག་སྦྲ་ནག་རྙིང་དྲགས་འདུག་ཟེར།

དུས་རབས་ཀྱིས།

ངའི་མཐའ་འཁོར་གྱི་སྦྲ་ནག་ལན་ཆགས་གྱིས་མནར་འདུག་ཟེར།

དེ་ལྟར། ངའི་མགོ་སྦྲ་བརྗེ་ཞིང་རྩམ་པ་དོར།

དེ་ལྟར། ངའི་གཅེས་ནོར་རྩ་ནས་ཡལ་དུ་བཅུག

ང་རང་གིས་དངོས་ནས་གཞན་ལ་བསྒྱུར་ན་མི་འདོད།

ང་ལ་གདོད་མ་ནས་ལུགས་སུ་གོམས་པའི།

སྦྲ་ནག་དང་རྩམ་པ་དེ་ཡིས་ཆོག

གསར་དུ་གྲུབ་པའི་ཁང་བ་དེ་ཡག་རྒྱུ་མེད་ལ་བཙོག་རྒྱུ་ཡང་མེད།

གསར་དུ་ཡོད་པའི་བཟའ་ཆས་དེ་ཞིམ་རྒྱུ་མེད་ལ་མངར་རྒྱུ་ཡང་མེད།

གང་ལྟར། ང་ལ་འོས་ཤིང་འཚམ་པོ་མི་འདུག

ང་རང་རྩྭ་ཐང་གི་འབྲོག་ཕྲུག་ཅིག་ཡིན་པས།

ང་ལ་ང་ཡི་སྦྲ་ནག་དང་རྩམ་པ་དེ་ཡིས་ཆོག

ཁྱེད་རང་དང་བྲལ་ནས་ད་བར་དུ།

ང་ལ་སྡུག་བསྔལ་མང་བས།

མིག་ཆུ་ལྷུང་ནས་ཡུན་རིང་འགོར་ཡོད།

ལོ་ཟླ་ག་ཚོད་དང་མི་རབས་ག་ཚོད་ཅིག་ལ།

ངའི་ཕུ་ནུ་མིང་སྲིང་ཚོས། སྡུག་བསྔལ་གྱི་མིག་ཆུ་དེ།

ག་ཚོད་ཅིག་ལ་བསྐྱངས་དགོས་པ་མི་ཤེས།

བཞུར་ནས་ཅི་ཙམ་རིང་སོང་བ་དེ་བས་ཀྱང་མི་ཤེས།།

རྩོམ་སྒྲིག་པ།  ཚེ་པེ།