རྩམ་པ།

རྩོམ་པ་པོ།   དུས་ཚོད།   2018-10-29   རྩོམ་ཁུངས།   

      རྒྱུ་ཆ།  

         ནས་རྩམ།  མར།  ཆུར་བ།  ཇའམ་ཆུ་ཁོལ།  

བཟོ་སྟངས། 

       དཀར་ཡོལ་ནང་ཇའམ་ཆུ་ཁོལ་ཉུང་ཙམ་བླུགས་པའི་ཁར་ཚད་དང་རན་པའི་མར་དང་ཆུར་བ་འཕེན་པ།  དེའི་སྟེང་དུ་རྩམ་ཕྱེ་བཏབ་ཅིང་ལྷན་དུ་བསྲེས་ཏེ་རིལ་བུར་བརྫིས་ནས་བཟའ་བ།  ཡང་ན་སྔོན་ལ་དཀར་ཡོལ་ནང་རྩམ་ཕྱེ་ཉུང་ཙམ་འདེབས་པ་དང་དེའི་སྟེང་དུ་མར་དང་ཆུར་བ་འཕེན་པ། ཆུ་མང་ཙམ་བླུགས་ཤིང་དཀྲུགས་ཏེ་ལྡག་པར་བྱ་བ་ལ་གཏུལ་མ་ཟེར།  དེ་ཡང་རང་ཉིད་ཀྱི་བཟའ་འདོད་ལྟར་ཆུར་བ་མི་འདེབས་པའི་གོམས་ལུག་ཀྱང་མཆིས།  

ཕན་ནུས།  

       ནས་དཀར་རྩུབ་བསིལ་ལྕི་མངར་ཁོང་ཅང་འཁྲོགས། ། 

       བཤང་བའི་རྒྱུང་འཕེལ་རོ་ཙ་བརྟག་པར་བྱེད།།

       གཅིན་ཚིལ་མཁྲིས་པ་བད་ཀན་ཆམ་པ་དང་། ། 

       ལུད་པ་དབུག་མི་བདེ་བ་སོགས་སེལ་བར་ཕན།།

       ཞེས་ཟེར་བ་ལྟར་ནས་རྩམ་ལ་བཅུད་ཆེ་ཞིང་འཇུ་བདེ་བ་དང་།  ལྟོགས་ཐེག་ཅིང་ལུས་པོར་བརྟག་པར་བྱེད།  འཁྱེར་སླ་ཞིང་བཟའ་བར་སྟབས་བདེ་བ་མ་ཟད།  ཟས་ཀྱི་མཆོག་ཏུ་ནས་རྙིང་རྩམ་པ་མཆོག་ཅེས་གསུངས་པ་ལྟར་ན་ནད་གཞི་སེལ་ཞིང་སྔོན་འགོག་བྱེད་པའི་ནུས་པ་སོགས་དགེ་མཚན་མ་ལུས་ཡོངས་སུ་འཛོམས་པ་རེད།  

རྩོམ་སྒྲིག་པ། ཚེ་པེ།