དྲན་གཞས་ཐོར་བུ།

རྩོམ་པ་པོ།   དུས་ཚོད།   2018-10-25   རྩོམ་ཁུངས།    ྼརྔ་བའི་གསར་འགྱུར་ཚག་པར།

བདག་སྙིང་བུམ་ཆུང་གི་ཕྱེད་ཀ་ཟིན་པའི༎

གཞུང་འཇམ་གཤིས་བཟང་ཁྱོད་བདེ་མོ་ཡིན་ནམ༎

ཉིན་དྲན་མཚན་དྲན་གྱི་དུངས་པའི་འཕྲིན་ཞིག།

ཁྱོད་ལ་བསྐུར་བ་དེས་ཁམས་སངས་ཨེ་བྱུང་༎

སྐྱེས་ལྷ་སྲས་ཆེན་གྱི་དབུ་རྩེའི་གཡས་ནས༎

རི་བོང་འཛིན་མ་དེ་ཁད་ཀྱིས་འཛུམ་དུས༎

བདག་ཡིད་མཚོ་ཆུང་གི་མེ་ལོང་ཡངས་མོར༎

ཞལ་རས་འཛུམ་མ་ཞིག་མ་སྐྱོམས་རང་སྐྱོམས༎

ཀ་བཞི་གདུང་བརྒྱད་མའི་སྣང་སྐྱིད་ཤག་ནས༎

སྐྱིད་གླུ་ཐན་ཐུན་ཅིག་ངག་ལ་བཀུག་ཡང་༎

སེམས་འདྲེས་ལུས་འདྲེས་ཤིག་མིག་ལ་ཐོགས་པས།།

གཞས་ཆུང་ཕྲ་མོ་དེ་དུ་བས་འཕྲོག་སོང་༎

མདང་གསུམ་རྨི་ལམ་གྱི་ཞིང་ཁམས་མྱུལ་དུས༎

སྙིང་སྡུག་བུ་མི་ཡི་ཞེ་རྩ་དཀྲུག་སོང་༎

བྱང་ཁོག་སྟོད་སྨད་འདི་སྤྲོ་བས་གཟིར་ཏེ༎

ངག་སྒོ་འཇམ་པོ་ལས་ཅི་ཤོར་མ་འཚལ༎

ལྷས་རྭའི་མེ་ཏོག་གི་སྐྱེད་མོའི་ཚལ་གྱི།།

པདྨའི་དྲི་ངད་ནི་རླུང་གིས་བརྐུས་སོང་༎

ཡིད་འོང་བློ་ཡོད་མའི་ལུས་དྲི་ཞིམ་པོར༎

རོལ་མྱོང་ཐུབ་པས་ན་ཇི་འདྲའི་སྤྲོ་ཨང་༎

སྦ་དཀར་ཚིགས་དྲུག་ལས་ལྷག་པའི་བྱད་གཟུགས༎

ཁུ་བྱུག་དྲུག་འགྱུར་ལས་སྙན་པའི་ངག་སྒོ༎

ཡ་ཆུང་མེ་ལོང་ངོས་བསྐྱར་འཁོར་ཡང་འཁོར༎

དྲན་པའི་ཤུ་གརིང་ནི་གཅིག་ཤོར་ཉིས་ཤོར༎

མ་ཤི་མཉམ་འཛོམས་ཀྱི་མི་འགྱུར་བྲག་རི༎

ཕ་མས་བཀའ་ལུང་གི་ཐོག་མདས་བསྙིལ་འོངས༎

ཚེ་འདིའི་དུངས་སྐལ་ནི་ཁྱོད་ལ་བཀྱགས་ཏེ༎

དུངས་པ་ཇི་སྙེད་ཅིག་རྡོག་ཐོས་མནན་ཡོད༎

དྲན་པར་བརྒྱུས་པ་ཡི་བརྩེ་ཞེན་ཟབ་མོ༎

རྒྱབ་རི་མཐོན་པོ་དེའི་དར་ལྕོག་འདྲ་སྟེ༎

དྲན་གདུང་ལྷགས་རླུང་གིས་བར་མེད་བསྒུལ་དུས༎

གློ་སྙིང་མཆིན་གསུམ་འདི་གཟེར་གྱིས་བཅོམ་འགྲོ།

རྩོམ་སྒྲིག་པ།  ཚེ་པེ།