ཟླ་ཚེས་ཁུག་པ།

རྩོམ་པ་པོ།   དུས་ཚོད།   2018-10-22   རྩོམ་ཁུངས།    ཧུང་ཡོན་ོརྫོང་རིག་གནས་ལོ་རྒྱུས་དེབ་ཕྲེང་།

           འུག་པའི་ས་ལོ་སུམ་བརྩེགས་ཞེས་རི་རིམ་པ་སུམ་བརྩེགས་ཀྱི་ཚུལ་དུ་ཡོད་པ།  ཤར་ཕྱོགས་སུ་ལུང་རིང་ཚལ་ཁ།  ལྷོ་ཕྱོགས་སུ་འུག་པའི་དུང་སྐྱོང་།  ནུབ་ཕྱོགས་སུ་འུག་པའི་ཁྱུང་རྩེ།  བྱང་ཕྱོགས་སུ་སེང་ཁྱིམ་རི་བོ་ཆེ་བཅས་ཀྱི་དཀྱིལ་དུ་ཡོད་ལ།  ཀ་ཆུ་ལི་མ་ཁྱུང་མཆུའི་གདོང་འོག་བརྒྱུད་དེ་ཡངས་པའི་སྤང་གཞོངས་སུ་རི་མོ་མཁན་གྱི་པིར་རྩལ་ལས་འཁྲུངས་པ་ལྟ་བུའི་བཀྲ་ཤིས་ཤིང་དགེ་མཚན་རྒྱས་པའི་ཡར་ཚེས་ཟླ་བ་ཆ་འགྲོས་དང་།  རིག་པའི་མེ་ལོང་ཆ་མ།  གཡུ་འབྲུག་མ་བུ་ཁ་སྤྲོད།  ཤྭ་བ་སུམ་བརྩེགས་ཀྱི་རིག་རྒྱུད་སོགས་ཕུན་སུམ་ཚོགས་པའི་ས་དཔྱད་རིས་སུ་ཕབ་ཡོད་པ་རེད། 

ངག་རྒྱུན། 

          སྟག་སེང་ཁྱུང་དང་གཡུ་འབྲུག་སྔོན་མོ་སོགས།  །  རླུང་རྟ་སྡེ་བཞིའི་དཔལ་གྱིས་ཡོངས་བརྒྱན་པའི། །  ཀ་ཆུ་ལི་མའི་ནོའུ་ཁུག་དྲོན་མོ་རུ། །  ཟླ་ཚེས་ཁུག་པའི་བཀོད་ལེགས་ས་དཔྱད་མཛེས།  །  འོད་སྟོང་འབར་བའི་ཡར་ཚེས་ཟླ་བ་ཆ།  ཚེ་བསོད་རླུང་རྟ་རྒྱས་པའི་དཔལ་དུ་ཤར།  །  ཤྭ་བ་སུམ་བརྩེགས་རི་བོའི་འདབས་རོལ་ན།  ། ཆུ་འཐུང་ཤྭ་བོའི་ཚོགས་ཀྱིས་བརྒྱན་པ་འདི།  ། དཔལ་དང་འབྱོར་བའི་དངོས་གྲུབ་མ་ལུས་པར། ། ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྒྱུ་རུ་གྲུབ། །ས་ལ་པད་མ་འདབ་བརྒྱད་ལྷུན་གྲུབ་དང་།  །  གནམ་ལ་འཁོར་ལོ་རྩེ་དགུ་འཛོམས་པ་ཡིས།  །  མི་ལེ་ཚེ་རིང་ཕྱུགས་ལ་གཡང་ཆགས་པའི། །  བདེ་སྐྱིད་རྟག་ཏུ་བརྟན་པའི་དགེ་མཚན་རྒྱས།  །  གཡུ་འབྲུག་སྔོན་མོ་དོང་དུ་མ་ལྷུང་ཞིང་།  །  ལྷོ་ཆུ་གཡུ་འབྲུག་མ་བུ་ཁ་འཕྲོད་སར།  །  རིགས་རྒྱུད་དར་ཞིང་རྒྱས་ལ་དཔལ་ཆེ་བས།  །  རྒྱུ་འབྱོར་ལོངས་སྤྱོད་རྒྱས་པའི་གནས་མཆོག་ཡིན། །  སྤང་ལྗོངས་གཡུ་ཡི་མེ་ལོང་ཆ་མ་ལ།  །  དར་ཚོན་སྣ་ལྔས་མཛེས་པར་བརྒྱན་པ་དེ།  །  བློ་རིག་གསལ་ཞིང་འཕེལ་བའི་ཞིང་ཡིན་པས།  །  རིག་པའི་གནས་ཀུན་དར་ཞིང་རྒྱས་པར་འབྱུང་།། 

གཞན་ཡང་སྐ་ཁོགས་ནི་ཤར་ལྷོ་ནུབ་གསུམ་རི་ཚོགས་ཀྱིས་བསྐོར་ནས་ཡོད་ཀྱང་བྱང་ཕྱོགས་སུ་ལྟོས་བཅས་ཀྱི་རི་ཉུང་བའི་སྐ་འགྲམ་གྱི་དེའུ་ལེབ་དང་ཟླ་ཚེས་ཁུག་པ།  མ་མོ་ལུ་གུ་སོགས་ནི་ས་བྱང་ཤོར་གྱི་ཆ་དཔྱད་ཟློག་པར་ཕན་པ་ཆེན་པོ་ཡོད་པར་བཤད།   དེ་མིན་སྐ་གཞོངས་ཀྱི་སའི་སྙིང་མིག་སྲོག་གསུམ་ལས་ཟླ་ཚེས་ཁུག་པ་དང་སེང་ཁྱིམ་རི་བོ་ཆ་སོགས་ཀྱི་ཉེ་འགྲམ་ནི་སའི་སྲོག་ཏུ་འཇོག་དགོས་པ་དང་བ་དེའི(ཨ་མཆོག་ཕྱོགས)སའི་སྙིང་དུ་བཞག་ན་དེའུ་ལེབ(ཚལ་བྲན་ཕྱོགས)ཕྱོགས་ནི་སའི་མིག་ཡིན་པར་བཤད། 

ས་གནས། 

          ཧུང་ཡོན་རྫོང་མཁར་ནས་ནུབ་ཕྱོགས་སུ་སྤྱི་ལེ༥ཡི་མཚམས་སུ་ཡོད། 

 རྩོམ་སྒྲིག་པ།  ཚེ་པེ།