ཆུ་ཡི་གཉེར་མ་དང་ལས་ཀྱི་གྲིབ་སོ།

རྩོམ་པ་པོ།   དུས་ཚོད།   2018-10-19   རྩོམ་ཁུངས།    རྔ་བའི་གསར་འགྱུར་ཚགས་པར།

ཆགས་སྲེད་མེ་ཆེན་འབར་བའི་གྲོང་ཚོ་ན།།

དངུལ་གྱི་དྲིལ་བུ་ཏིང་ཏིང་ཟེར་མ་མེད།།

རླུང་བུ་བསིལ་བསིལ་ལྡང་བའི་མཚན་མོ་ན།།

འཁུན་སྒྲ་ངར་ངར་བྱེད་པའི་ཕག་པ་མེད།།

ང་ལ་དེ་ལྟར་ལྟོས་དང་སྙན་ངག་པ།།

ཁྱོད་ཀྱི་མི་ཚེ་རིང་ཐུང་ཅི་ཡང་རུང་།།

མིག་ལ་འོད་དཀར་སྣང་བ་བརྗེད་མི་སྲིད།།

ཤངས་ལ་དྲི་ངད་འཐུལ་བའང་བརྗེད་པ་མེད།།

བུང་བས་གླུ་དབྱངས་ལེན་པ་མ་ཐོས་སོ།།

རྫི་པོས་གླུ་དབྱངས་ལེན་པ་མ་ཐོས་སོ།།

སྙིང་ཁ་ལྟིག་ལྟིག་བྱེད་པའི་ལས་ལྡན་མ།།

ཅུང་ཟད་བཟོད་པར་འདུག་གམ་ཕྱིར་ལ་ཤོག།

རྩྭ་སྔོན་ཟིལ་བ་ཁྲོམ་ཁྲོམ་བྱེད་པ་དང་།།

དེ་ལ་ཉི་འོད་ཕོག་པ་མ་མཐོང་ངམ།།

རང་སེམས་སྨུག་པར་འདྲེས་པའི་ཡུ་མོ་འདིས།།

ཤེའུ་གཏན་དུ་བོར་བ་མ་ཚོར་རམ།།

ལ་ལུང་ཀུན་ལ་ལམ་དང་ཟམ་པ་འཐེན།།

ལག་དང་ཟམ་པ་གཏམ་དང་སྙན་པས་འཐེན།།

གཏམ་སྙན་རེ་རེའི་རྩེ་ནས་བབས་པ་ཡི།།

བྱིའུ་ལྟ་བུའི་ཁྱེད་ཉིད་གང་དུ་ཡོད།།

དྲན་པའི་རི་མོ་གྱང་ལ་མ་འབྲི་རོགས།།

གྱང་རོ་འདི་རུ་སྐྱོ་གདུང་འཇག་སྐྱ་འཕྱུར།།

གླིང་བུ་མཛུབ་རྩེར་བབས་པའི་སྐད་ཅིག་མར།།

ང་ཡི་དྲན་པ་ཉམས་ཤིང་རྩ་སྒོ་འགགས།།

ཆུ་ཚན་ཁོལ་མ་འཇམ་ཞིང་འཁྱག་མ་ཐག།

ཟླ་བ་བཀར་པོ་ཡིད་ཀྱི་དགུང་དུ་འཕགས།།

རི་བོང་རི་བོང་མ་ཟེར་བྱིས་པ་ཚེ།།

མུན་པ་འདི་ལ་མུན་པའི་གོས་མ་བཟོ།།

མུན་པ་འདི་ལ་མུན་པའི་གོས་བཟོས་ན།།

དབྱངས་དང་གསལ་བྱེད་ཙམ་ཡང་རྟོགས་དུས་མེད།།

བྲོ་དང་ཟློས་གར་ཙམ་ཡང་མཐོང་དུས་མེད།།

ཆུ་སྒྲ་ཤག་ཤག་དེ་ཡང་ཐོས་དུས་མེད།།

ཁྱོད་ཀྱིས་སྐྱེ་བ་བརྒྱ་ལ་ཚུལ་འཆོས་བྱས།།

ང་ཉིད་བསྙེན་ཞིང་ང་ལ་གསོལ་བ་བཏབ།།

གླེགས་བམ་མཐུག་པོ་བཀླགས་ཤིང་གླེགས་བམ་བརྩམས།།

ཁྱོད་ཀྱིས་མི་ལོ་བཅུ་ལ་སྣལ་མ་བཏགས།།

ང་ལ་མཆོད་ཅིང་ང་ཉིད་སྙིང་ལ་བསྒོམས།།

སློབ་མ་སྟོང་ཕྲག་དག་ཀྱང་ཕག་བཞིན་བསྐྱངས།།

ང་ནི་རི་བོང་བཞིན་དུ་འཇིགས་ཤིང་སྐྲག།

ང་ནི་ངོ་ཚའི་དབང་གིས་གབ་ཅིང་བྲོས།།

ཁྱོད་ཀྱིས་ང་ལ་བག་མེད་བྱས་པ་མེད།།

ང་ཡིས་ཁྱོད་ལ་ཅི་ཡང་ཆད་པ་མེད།།

ལྷ་ཞལ་མཇལ་བར་འདོད་པའི་གདུང་བ་འདི།།

ལྷ་ཡི་ཞལ་རས་གཡོག་པའི་དར་ཟབ་ཡིན།།

མེ་ལོང་དྭངས་མོའི་རྒྱ་རུ་ཚུད་པ་ན།།

མཛེས་སྒེག་ལང་ཚོ་ཅན་གྱི་ལྷ་མོ་ཡང་།།

མི་མཐོང་ལྐོག་ནས་རྒས་ཤིང་ལྐོག་ནས་འཆི།།

ཁ་དང་ལག་པར་མི་ལྟ་ལུས་ལ་ལྟ།།

ལུས་དང་ལང་ཚོར་མི་ལྟ་སེམས་ལ་ལྟ།།

སེམས་དང་བསམ་པའང་བལྟ་བྱ་མ་ཡིན་ན།།

ཞལ་རས་འཛུམ་ཙམ་མཛད་རོགས་རྗེ་བཙུན་མ།།

མེ་ཏོག་དང་ནི་སྦྲང་རྩིའི་རྩ་བ་རུ།།

ཆང་དང་ཀུ་ཅོ་མང་བོའི་དྲེག་པ་ཆགས།།

སྤོས་ཀྱི་དུད་སྤྲིན་འཁྱིལ་བའི་ལྷ་ཁང་དུ།།

ཨ་མ་དབྱངས་ཀྱི་བདག་མོས་སྐྱོ་གླུ་འཐེན།།

སྐྱ་ཐག་ཆོད་པའི་གདོང་ལ་བལྟས་བལྟས་ནས།།

སྔོ་ཞིང་དྭངས་པའི་ནམ་མཁའ་ངང་གིས་བརྗེད།།

སྲ་མཁྲེགས་ཕ་བོང་སྟེང་དུ་གནས་བཅས་ན།།

སྐྱོ་ཞུམ་ཝ་མོའི་རྒྱབ་ལའང་གྲ་འཛུམ་རྒྱས།།

ཆོས་པ་རྣམས་ཀྱིས་དེ་ལྟར་དགོངས་ནས་ངུ་།།

སྙན་ངག་པ་ནི་དེ་ལྟར་རྟོགས་ནས་ངུ་།།

བསམ་རྟོག་བྲལ་པའི་བྱིས་པ་ལུ་གུ་རྣམས།།

མ་རྟོགས་སྙིང་རྗེའི་ཡུལ་དུ་གྱུར་ན་ཡང་།།

རྩེ་ལྡིང་ངང་ཚུལ་བསམ་ན་དགོད་རེ་བྲོ།།

རྩོམ་སྒྲིག་པ།  ཚེ་པེ།