དབྱངས་ལ་བརྒྱུས་པའི་བརྩེ་བ།

རྩོམ་པ་པོ།   དུས་ཚོད།   2018-10-11   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


ནམ་མཁའི་མཐོངས་སུ་སྤྲིན་དཀར་ཕོན་པོ་རྒྱུ།།

བར་སྣང་དབྱིངས་སུ་རྒོད་པོས་གཤོག་འགྱུར་ངོམ།།

འཛིན་མའི་དཀྱིལ་འཁོར་ཁྱོན་ན་མཛེས་སྡུག་གི།།

ལང་ཚོའི་བཀྲཊ་མདངས་མཚེར་བ་སུ་ཞིག་ལཊ།།

གསེར་མདོག་ཉི་མའི་གྲོང་གི་བྱ་ཁྱུའི་ཚོགས།།

རྒྱང་ལ་འཕུར་བའི་སྨྲེ་སྔགས་དྲི་བཞོན་གྱིས།།

འདེད་པའི་རྒྱུན་ཙམ་ཁྱོད་ཀྱི་སྙན་ལམ་ལ།།

སོང་བས་ཡིད་ཀྱི་མྱ་ངན་རང་སར་ཞུ།།

དངུལ་དཀར་ཟླ་བའི་ཟེགས་མ་ལྷོ་གླིང་གི།།

ཨུཏྤལ་མེ་ཏོག་འཐོར་བའི་དགའ་ཚལ་ལ།།

འཕྲོས་པ་ལས་རྟོགས་ཁྱེད་ཀྱི་ཚེ་རབས་མའི།།

མིག་གི་དགའ་བ་ཡིད་ཀྱི་མཁའ་ལས་ཡངས།།

ནགས་མའི་ལྗོན་པ་འགུལ་བའི་ལོ་འདབ་ཀྱིས།།

བརྩེ་བའི་ཤུགས་གླུ་རྒྱང་ལ་བསྐུར་བ་འདིས།།

ཡིད་ཀྱི་རླབས་ཕྲེང་འཕྱོ་བའི་སིནྡྷུའི་བདག།

བརྩེ་བའི་དགུང་ལ་བཏེགས་སོ་ལས་ཀྱི་ལྷ།།

རྟེན་འབྱུང་རྒྱུ་ལས་སྐྱེས་པའི་ཤེས་རབ་ཀྱིས།།

དད་སྟོབས་ཡུ་མོ་དཀྲོགས་པས་རི་སུལ་ནས།།

སྣང་བའི་སྨུག་ཆེན་སངས་པའི་རླུང་གི་སྲོག།

བག་ཕེབས་འཚོ་བའི་ཀློང་ལ་ངང་གིས་བསྐྱལ།།

དེ་རིང་སྤྲོ་དགའི་འཛུམ་དཀར་མིག་གི་མདངས།།

རི་བོང་འཛིན་པ་ལས་ཀྱང་རབ་མཛེས་པའི།།

ཀུན་རྟོག་སྐར་མའི་ལམ་གྱི་འཆར་ཡན་ཚོགས།།

སྡུག་གི་སེམས་ངལ་གསོ་བའི་ཡུལ་དུ་གྱུར།།

ལོ་ཟླའི་གཙང་འགྲམ་བརྒྱུད་ནས་འགྲོ་བའི་ཚེ།།

གཤོག་འགྱུའི་སྟངས་སྟབས་མངོན་པའི་ངང་བའི་ཁྱུ།།

རྩེན་པའི་ཟློས་གར་མཐོང་བས་ཕྱིར་མིག་གི།།

ཚོར་བའི་ལྷག་མ་དེ་ནས་ལུས་སོང་སྐད།།

ཏིང་འཛིན་སྤྱོད་པ་རྣམ་དཀར་དགེ་བའི་ལས།།

བསགས་པའི་སྐལ་བ་སྟོང་གི་ཡར་སྔོན་ལ།།

བསམ་གཏན་དྲང་སྲོང་གསེར་གྱི་རི་བོའི་ཚོམས།།

ཕྲེང་ལ་བསྟར་དུས་མིག་གསུམ་ཆགས་པས་མྱོས།།

དེ་ལྟར་ལོ་འབྲས་སྨིན་པའི་སྟོན་གཞུང་ལ།།

སྨུག་ཆེན་ཐང་ལ་ལྷུང་བས་འགྱོད་གདུང་གི།།

འདུན་པའི་དུད་སྤྲིན་འཁྱུག་པ་སྐྱེ་འགག་གི།།

རྣམ་བྱང་པདྨའི་ཚོགས་ཀྱི་འདབ་བརྒྱ་གྲོལ།།

ལྷན་སྐྱེས་བློ་རིག་ལྗོན་པའི་རྩེ་མོ་ནས།།

ཨ་མྲའི་འབྲས་བཟང་དུད་པའི་རྣམ་འགྱུར་གྱིས།།

བྱམས་པའི་སྲོག་ཏུ་སྦྲུམ་པའི་ཚེ་སྲོག་གི།།

དུངས་པའི་རྨུ་ཐག་ལྷ་ཡི་ཁམས་ལ་བསྲིངས།།

ལས་འབྲས་བསམ་མི་ཁྱབ་པའི་ནམ་མཁའ་ནས།།

བརྩེ་བའི་ཆར་སྤྲིན་བབས་པའི་ལྷུན་གྲུབ་ཀྱི།།

འཛིན་མའི་ངོས་སུ་ཡིད་འོང་གཡུ་ལོའི་དཔུང་།།

ལྡེམ་པའི་མཛེས་པ་ཚོར་བའི་ཁམས་སུ་འཇགས།།

གསང་མཚན་སྔགས་ཀྱི་རཀྟའི་རྒྱ་མཚོ་ལ།།

མཉྫུའི་མིང་གི་ཆ་ཤས་ལྷག་པའི་རྡུལ།།

ཞབས་སེན་ནོར་བུའི་ཏོག་གི་མཚོན་མིན་པ།།

གང་ལ་སྨྲས་ཀྱང་གོ་བར་མི་ནུས་སོ།།

ཀུན་རྫོབ་ཚང་ཚིང་རྒྱས་པའི་ནགས་ཀློང་ནས།།

དོན་དམ་མྱོས་པའི་གྲེ་འགྱུར་དབྱངས།།

སྙན་ལ་ཕུལ་བས་ཚོགས་གཉིས་རྩེད་དགའ་མ།།

དགྱེས་པའི་ཚུལ་འདི་སྨྲ་བསམ་བརྗོད་ལས་འདས།།

མཆོད་སྦྱིན་མིག་སྟོང་མངའ་བས་མ་གཟིགས་ཤིང་།།

གསེར་མངལ་གདོང་བཞི་ལྡན་ཡང་མ་ཐོས་པའི།།

ཟབ་དོན་དབྱངས་ལ་བརྒྱུས་པའི་གླུ་དབྱངས་འདི།།

ཟབ་དོན་དབྱངས་ལ་བརྒྱུས་པའི་གླུ་དབྱངས་འདི།།


རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།