ཞིང་ཆེན་ནང་ཁུལ་གང་སར་བེད་ཆོད་པའི་སྨན་བཅོས་བྱང་བུ།

རྩོམ་པ་པོ།   དུས་ཚོད།   2018-10-11   རྩོམ་ཁུངས།   

           མིག་སྔར། ཞིང་ཆེན་ཡོངས་སུ་ཞིང་ཆེན་ནང་ཁུལ་དུ་མི་སྒེར་གྱི་དངུལ་ཐོ་དེ་ཡུལ་གཞན་དུ་ཐད་ཀར་རྩིས་བརྒྱབ་ཆོག་པའི་སྨན་ཁང་464དང་སྨན་ཚོང་ཁང་1073ཡོད་པས། སྨན་བཅོས་འགན་བཅོལ་ནང་ཞུགས་ཡོད་མཁན་གྱི་མི་སྒེར་གྱིས་སྨན་བཅོས་འགན་བཅོལ་གྱི་བྱང་བུ་བཟུང་ནས་སྨན་ཁང་དང་སྨན་ཚོང་ཁང་འདི་དག་དུ་ཕྱིན་ཏེ་འཛད་སྤྱོད་བྱེད་སྐབས། ཐད་ཀར་དུ་མི་སྒེར་གྱི་སྨན་བཅོས་འགན་བཅོལ་གྱི་བྱང་བུ་བཀོལ་ནས་མ་དངུལ་བསྡོམས་རྩིས་བརྒྱབ་ཆོག་པ་རེད། 
           ཟླ་10བའི་ཚེས་8ཉིན། ཞིང་ཆེན་གྱི་སྨན་བཅོས་འགན་ལེན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣའི་ངོ་སྤྲོད་བྱས་པ་ལྟར་ན། རང་རེའི་ཞིང་ཆེན་གྱིས་ད་ལོའི་ཟླ་8པའི་ཚེས་1ཉིན་ནས་བཟུང་། ཞིང་ཆེན་ནང་ཁུལ་དང་། ཁྲེན་ཏུའུ། མེན་དབྱང་། ལི་ཧྲན། ནའེ་ཅང་། ནན་ཁྲུང་། ཙི་དབྱང་སོགས་སུ་ཞིང་ཆེན་ནང་ཁུལ་གྱི་མི་སྒེར་གྱི་སྨན་བཅོས་འགན་བཅོལ་གྱི་དངུལ་ཐོ་ཡུལ་གཞན་དུ་ཐད་ཀར་རྩིས་རྒྱག་ཐུབ་པའི་ཚོད་ལྟའི་ས་ཚིགས་ཁག་དང་པོ་བཙུགས་ཤིང་།  ཟླ་9བ་ནས་བཟུང་། ཏའེ་དབྱང་དང་། དཀར་མཛེས། མའེ་ཧྲན་བཅས་ས་ཁུལ་དུ་ཚོད་ལྟའི་ས་ཚིགས་ཁག་གཉིས་པ་བཙུགས། ཟླ་གཉིས་ཀྱི་རིང་ལ་ཚོད་ལྟའི་ཚུལ་གྱིས་འཁོར་རྒྱུགས་བྱས་པ་བརྒྱུད། ཞིང་ཆེན་ནང་ཁུལ་དུ་མི་སྒེར་གྱི་དངུལ་ཐོ་དེ་ཐད་ཀར་ཡུལ་གཞན་དུ་རྩིས་བརྒྱབ་ཆོག་པའི་མ་ལག་འཁོར་རྒྱུགས་བྱས་པ་ཅུང་བརྟན་པོར་ཆགས་པ་རེད།  ཚོད་ལྟ་འཁོར་རྒྱུགས་བྱེད་པའི་བར་སྐབས་སུ། ཞིང་ཆེན་ཡོངས་སུ་ཡུལ་གཞན་གྱི་སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་དུ་ཐད་ཀར་དུ་སྒོར་ཁྲི་1.85རྩིས་བརྒྱབ་པ་དང་། འགྲོ་གྲོན་སྒོར་ཁྲི་412.8འདུས། ཡུལ་གཞན་གྱི་སྨན་ཚོང་ཁང་དུ་ཐད་ཀར་དུ་སྒོར་ཁྲི་2.14རྩིས་བརྒྱབ་པ་དང་། འགྲོ་སོང་སྒོར་ཁྲི་365.1འདུས་ཡོད་པ་རེད།


           ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འབྲེལ་ཡོད་ཀྱི་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། རང་རེའི་ཞིང་ཆེན་གྱི་སྨན་བཅོས་འགན་བཅོལ་ནང་ཞུགས་ཡོད་པའི་མིའི་ཡུལ་གཞན་དུ་མི་སྒེར་གྱི་སྨན་བཅོས་འགན་བཅོལ་གྱི་དངུལ་ཐོ་བཀོལ་སྐབས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་ཐོ་འགོད་སྙན་སེང་ཞུ་བའི་འགྲོ་ལུགས་སྒྲུབ་མི་དགོས་པ་དང་། མི་སྒེར་གྱི་སྨན་བཅོས་འགན་ལེན་གྱི་དངུལ་ཐོ་དེ་ཡུལ་གཞན་དུ་ཐད་ཀར་རྩིས་བརྒྱབ་བྱེད་ཆོག་པའི་སྨན་ཁང་དང་སྨན་ཚོང་ཁང་ཚང་མར་ཐད་ཀར་དུ་སྨན་བཅོས་འགན་བཅོལ་གྱི་བྱང་བུ་བཀོལ་ནས་རྩིས་བརྒྱབ་བྱེད་ཆོག་པ་རེད།  སྨན་བཅོས་འགན་བཅོལ་གྱི་སྒྲིག་གཞིའི་ཆ་འཕྲིན་སྒོ་འབྱེད་འདོད་མཁན་གྱིས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་སྲིད་དོན་དྲ་ཚིགས་ནས་འདྲི་ཞིབ་བྱས་ཆོག  རྗེས་མར་ཞིང་ཆེན་ཡོངས་ཀྱིས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་མཉམ་འབྲེལ་དྲ་བ་ནས་ཐད་ཀར་རྩིས་བརྒྱབ་ཆོག་པའི་སྨན་བཅོས་སྒྲིག་གཞིའི་ཁྱབ་ཁོངས་རིམ་བཞིན་དུ་རྒྱ་བསྐྱེད་གཏང་རྒྱུ་རེད

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།