ཞི་ཅིན་ཕིང་གིས་ཨན་ཀོ་རའི་ཙུང་ཐུང་ལོ་ལུན་སོ་དང་གྲོས་མོལ་གནང་བ།

རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མདུན་ཕྱོགས་སུ་གོང་འཕེལ་མགྱོགས་པོ་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་བ།

རྩོམ་པ་པོ།   དུས་ཚོད།   2018-10-10   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

   སྤྱི་ཚེས་༩ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཨན་ཀོ་རའི་ཙུང་ཐུང་ལོ་ལུན་སོ་དང་གྲོས་མོལ་གནང་ཡོད།

               ཞི་ཅིན་ཕིང་གིས། ལོ་ལུན་སོས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུས་གནང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་མཇུག་འགྲིལ་ནས་ཟླ་བ་གཅིག་སོང་རྗེས་ལོ་ལུན་སོ་དང་མཇལ་འཕྲད་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བའི་རྣམ་པ་བསྟན་གནང་ཡོད། ཞི་ཅིན་ཕིང་གིས། པེ་ཅིང་དབུ་ཚོགས་ལེགས་གྲུབ་ལྡན་པའི་ངང་གཉེར་བ་དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་དང་། ཀྲུང་གོ་དང་ཨན་ཀོ་རའི་འབྲེལ་བའི་གོང་འཕེལ་ལ་སྒུལ་ཤུགས་གསར་པ་བསྣན་པ་དང་གོ་སྐབས་གསར་པ་ཐོབ་ཡོད། ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཨན་ཀོ་རའི་འབྲེལ་བ་མདུན་ཕྱོགས་སུ་གོང་འཕེལ་མགྱོགས་པོ་འགྲོ་བར་མུ་མཐུད་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་ཨན་ཀོ་ར་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་འབྱུང་འགྱུར་ལ་སེམས་ཤུགས་ཀྱིས་ཁེངས་ཡོད་ཅེས་གསུངས་པ་རེད།

              ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། མཐོ་རིམ་འགྲོ་འོང་ཡང་སེ་བྱེད་པ། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། ཕན་ཚུན་བར་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ལ་བྱུང་བའི་ལོ་རྒྱུས་ཀྱི་གོད་ཆག་དེ་རང་ལ་བྱུང་བ་ལྟར་གྱི་མྱོང་ཚོར་ཡོང་གི་འདུག ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་མི་དམངས་ནས་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་དང་། རང་སོ་སོས་གོང་འཕེལ་གྱི་ལམ་བུ་གདམ་ག་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་དགོས་པ་དང་། བྱ་སྤྱོད་ཆེན་པོ་བརྒྱད་ཀྱི་འབྲེལ་ཡོད་བྱ་ཐབས་སྔ་ཙམ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། ཕན་ཚུན་བར་གྱི་གོང་འཕེལ་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཤུགས་ཆེར་གཏོང་བ། འཕར་གནས་གསར་པ་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་ཀྱི་ཆེད་ཁྱད་ཆོས་གསར་པ་གཏོད་པ་དང་། ཨན་ཀོ་རའི་ཕྱོགས་ཀྱི་བཟོ་ལས་ཅན་དང་དཔལ་འབྱོར་སྣེ་མང་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། མི་སྣ་དང་ས་གནས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་འགྲོ་འོང་རྒྱ་ཆེར་གཏོང་བ་དང་། ཀྲུང་གོ་དང་ཨན་ཀོ་རའི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་མཉམ་ལས་སྤེལ་བ་དང་། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ཟབ་ཏུ་གཏོང་བ། ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོང་བྱེད་པ། སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་པ། རྒྱལ་སྤྱིའི་སྒྲིག་ལམ་སྔར་བས་གཞུང་དྲང་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཏོན་གནང་ཡོད།

            ལོ་ལུན་སོ་ཡིས། ཨན་ཀོ་ར་དང་ཀྲུང་གོས་མཐོ་རིམ་འགྲོ་འོང་དམ་ཟབ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་པ་དེའི་ཐོག་ནས་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ་མངོན་ཡོད། དུས་ཡུན་རིང་པོའི་ནང་ཨན་ཀོ་ར་དང་ཀྲུང་གོའི་མཉམ་ལས་ཀྱིས་ཨན་ཀོ་རའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་ནུས་པ་ཡག་པོ་ཐོན་ཡོད། ཨན་ཀོ་རའི་ཕྱོགས་ནས་རྒྱལ་ཁབ་གཉིས་པོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དམངས་ཀྱི་འཚོ་བའི་ཁྱབ་ཁོངས་ནང་གི་མཉམ་ལས་ལ་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་སྟེ། ཨན་ཀོ་རའི་རྒྱལ་ཁབ་གོང་འཕེལ་ལ་རོགས་རམ་སྔར་ལས་ལྷག་པ་ཐུབ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་ཧྲིལ་པོའི་བར་གྱི་མཉམ་ལས་ལ་སྐུལ་འདེད་ཐེབས་ཡོད། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ནས་ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་དོན་དངོས་ཀྱི་དགོས་མཁོར་གཞིགས་ནས་ཨ་ཧྥེ་རི་ཁ་གླིང་དང་མཉམ་ལས་བྱས་པ་དང་། དངོས་དངོས་རྗེན་རྗེན་གྱི་བྱ་ཐབས་བཟུང་བ་མ་ཟད་ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་མི་བཏོན་པ། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་བཅས་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་སྒྲོམ་གཞིའི་ནང་བཏོན་པའི་མཉམ་ལས་འཆར་གཞིས་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་གོང་འཕེལ་ལ་དགེ་མཚན་ལྡན་པའི་ནུས་པ་ལྡན་ཡོད་ཅེས་དང་། ཨན་ཀོ་ར་དང་ཀྲུང་གོའི་མཉམ་ལས་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་ཀྱི་དཔེ་མཚོན་ལ་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཨན་ཀོ་ར་ཡིས་རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་ཀྲུང་གོའི་ཤུགས་རྐྱེན་གལ་ཆེན་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཨ་ཧྥེ་རི་ཁ་གླིང་གི་ཚང་མས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུར་ཀྲུང་གོས་ཐོན་པའི་དགེ་མཚན་ལྡན་པའི་ནུས་པར་གདེང་འཇོག་མཐོ་པོ་བྱེད་ཀྱི་ཡོད། ཨན་ཀོ་ར་ཡིས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་། འཛམ་གླིང་གི་འབྱུང་འགྱུར་དེ་རྒྱལ་ཁབ་ཁག་ཚང་མས་མཉམ་དུ་ཐག་གཅོད་བྱེད་པའི་འདོད་ཚུལ་འཛིན་གྱི་ཡོད། ཀྲུང་གོ་དང་ཕྱོགས་མང་བྱ་དོན་ཁྲོད་ཀྱི་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད། 

              གྲོས་མོལ་གནང་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཕྱོགས་གཉིས་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པའི་དཔང་པོ་གནང་ཡོད།

              གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ཐོག་ལོ་ལུན་སོར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་གནང་ཡོད་པ་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།