མཛའ་གཞས་ཀྱི་ལྷག་རོ།(1)

རྩོམ་པ་པོ།   སྒྲོལ་མ་འཚོ།དུས་ཚོད།   2018-10-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


དུང་གི་ཨ་ལོང་བསམ་སྟེ།།

དུངས་པའི་མཚོ་མོ་དཀྲུགས་ནི།།

བསམ་པའི་དུང་ལོང་མ་བྱུང་།།

མི་འདོད་དུང་རྡོར་མཇལ་བྱུང་།།

བསམ་པ་འདོ་རིགས་རྟ་ཡིན།།

ལས་སུ་བསྐོས་པ་དྲེལ་རེད།།

ང་ཡིས་དྲེལ་རྫི་གནང་སྟེ།།

དྲེལ་ལ་རྟ་འདང་བཞག་ཆོག།

ང་གཉིས་སྲིད་པར་འཁོར་བའི།།

ཚེ་རབས་གཅིག་གི་ཚེ་གྲོགས།།

འཇིགས་འཇིགས་འཆི་བའི་བདག་པོས།།

འཁྲིད་དུས་མཉམ་ཁྲིད་གནང་རོགས།།

འགྲོ་བའི་བླ་མ་མཆོག་གིས།།

ཐར་བར་འདྲེན་འཆར་ཡོད་པས།།

འགྲོ་བའི་ལམ་བཟང་རྙེད་པར།།

འགྲོ་བཟོ་སྡོད་མཁས་གནང་ཡོད།།

འཇིག་རྟེན་བྱ་བའི་ལས་ཀུན།།

འདོད་ཐོག་སྨིན་པ་དཀའ་ཡང་།།

མ་ཆགས་དགེ་སེམས་འཆང་སྟེ།།

ཡིད་སེམས་ཚིམ་པ་གནང་ཆོག།

འཁྲུག་འཁྱོམ་ཆེ་བའི་དུས་ལ།།

སེམས་དང་བསམ་པས་བསྐྱང་ཆོག།

གནས་ཟོས་བདེ་བོའི་དུས་ལ།།

མཇལ་འཛོམས་ཨེ་ཡོང་བལྟས་ཆོག།

ས་ཁད་རིང་ཡང་ཐུང་ཡང་།།

ལས་ཀྱིས་བསྐོས་པ་ཡིན་ན།།

མི་འདོར་སྲུང་འཁོར་བཞིན་དུ།།

ང་ཡི་མགུལ་དུ་དཔྱང་ཆོག།

ཟས་ལ་སྣུམ་ཞག་འཁྱིལ་བ།།

དྲིན་ཆེན་ཨ་མའི་དྲིན་ཡིན།།

ངང་རྒྱུད་ཕྱི་ཐག་རིང་བ།།

ཆུང་འདྲིས་བྱམས་པའི་དྲིན་ཡིན།།

ཐབ་ཀྱི་ཐབ་ལྷ་ཁྲོས་ཀྱང་།།

ཐབ་བསང་ཐབ་ཁྲུས་གནང་ཆོག།།

ཆུང་འདྲིས་མི་ཁྲོས་ཐབས་ཤིག།།

ད་རེས་ང་ལ་ཁྲིད་རོགས།།

སྐྱོན་གྱི་དྲི་མ་མེད་པའི།།

ལྷ་གཅིག་ཕྱག་ན་པད་མ།།

ང་ཡི་ཆུང་འདྲིས་བྱམས་པ།།

གར་བཞུགས་ཐུགས་སུ་འཛིན་རོགས།།

སྐྱེ་བ་སྔོན་མའི་ལས་འཕྲོ།།

ད་རེས་རྙེད་པ་ཡིན་ན།།

ལས་འཕྲོ་དར་གྱིས་དཀྲིས་ཏེ།།

སོ་སོའི་རི་ལ་འཐེན་ཆོག།

ཆུང་འདྲིས་ཆུང་ནས་འདྲིས་པས།།

ཆུ་དང་འོ་མར་བལྟས་ཡོད།།

མ་ཤི་ཚེ་རིང་བྱུང་ན།།

གཅིག་ཏུ་འཐིམ་རྩིས་གནང་ཡོད།།

མ་ཤི་གསོན་ངོགས་འདི་རུ།།

གསོན་ན་ཁྱེད་ཀྱི་མྱི་ཡིན།།

ཚེ་ལོའི་འདུ་བྱེད་ཞིག་དུས།།

རྒོད་ལ་བྱ་གཡེང་ཁྱོས་བྱོས།།

བསམ་ལྷུན་སྒྲོལ་མའི་དར་ལྕོག།

རི་བོའི་གཉའ་རུ་བཙུགས་ཡོད།།

རི་མགོ་མཐོན་པོའི་དར་ལྕོག།

རླུང་གིས་འཁྱེར་ན་ཁྱེར་ཞིག།

མི་སེམས་དཀར་པོ་དུང་རེད།།

དུང་ཡང་འབུད་མཁན་མི་རེད།།

སྐྱིད་སྡུག་རེས་སུ་འཁོར་ཡང་།།

དཀར་པོའི་ལས་འབྲེལ་གནང་ཆོག།

མཐུན་པའི་རླུང་བུའི་ལྡང་ཕྱོགས།།

ཤིག་ཤིག་ལྡང་ཕྱོགས་མཐུན་ཚེ།།

མཐུན་གསུམ་འཕུང་སྡེབ་འོང་བའི།།

རྟེན་འབྲེལ་ཡག་པོར་བརྩིས་ཆོག།

སྙིང་སྡུག་ཟླ་བ་གཞོན་ནུའི།།

དཀྱིལ་འཁོར་འཕེལ་བའི་དུས་ལ།།

ཟླ་བ་རིལ་འཛིན་མེད་པའི།།

སྐྱབས་འཇུག་ལྷ་རུ་ཞུས་ཡོད།།

ཀ་ར་ཧ་རི་ལྟ་བུའི།།

སྙིང་གཏམ་ཚིག་གི་བདུད་རྩི།།

དུས་འདི་བསྐལ་བརྒྱར་ཕྱིན་ཡང་།།

ཉན་སྙིང་འདོད་པོའི་གཏམ་རེད།།

དབྱར་གསུམ་འོ་མའི་མཚོ་ཡིན།།

འོ་མ་རབ་ཆགས་གནང་ཡོད།།

དེ་ལས་སྤྲིས་མ་བླངས་ཏེ།།

འདང་ཆེན་རོགས་ལ་མཆོད་ཡོད།།

འོ་མདོང་ནང་གི་མར་ལོ།།

སྟོན་གྱི་མར་གདར་ཡིན་པ།།

སྟོན་མཆོད་ལྷ་རུ་མ་ཕུལ།།

བྱམས་པའི་རྒྱགས་རྟེན་ཞུས་ཡོད།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།