བདེ་སྐྱིད་ཀྱི་ལམ་དུ་སྐྱོད་བཞིན་པའི་ལྗོངས་སྐོར་གྲོང་རྡལ་ཆུང་བ།

གཟི་རྩ་སྡེ་དགུ་རྫོང་གིས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུའི་རིང་གི་ཟིན་བྲིས།

རྩོམ་པ་པོ།   དུས་ཚོད།   2018-10-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             1978ལོར་སྒྱུར་བཅོས་སྒོ་འབྱེད་ཀྱི་དཔྱིད་རླུང་གཟི་རྩ་སྡེ་དགུ་རྫོང་གི་ས་གཞིར་ལྡང་། སྐབས་དེར་གཟི་རྩ་སྡེ་དགུ་རྫོང་ལ་ཐུག་པའི་དཀའ་ངལ་ནི་འགྲིམ་འགྲུལ་སྟབས་མི་བདེ་བས་ལྷ་ཡུལ་དང་འདྲ་བའི་མཛེས་ལྗོངས་ཡོད་ཀྱང་ལྗོངས་རྒྱུ་བ་རྣམས་ནང་ལ་ཕེབས་མི་ཐུབ་པ་དང་། ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་ཀྱང་ཕྱི་ཡུལ་དུ་དྲངས་མི་ཐུབ་པ་དེ་ཡིན། ཅི་ལྟར་བྱས་ན་དཀའ་ངལ་འདི་དག་ཐག་གཅོད་པ་དང་དཀའ་གནད་ལས་ཐར་བ་ནི་གཟི་རྩ་སྡེ་དགུ་རྫོང་གི་མདུན་དུ་ལྷགས་པའི་གནད་དོན་ཡིན།

             1984ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཟི་རྩ་སྡེ་དགུ་ནི་རྒྱལ་ཁབ་ཀྱི་མཛེས་ལྗོངས་གྲགས་ཅན་ཁག་དང་བོར་བཞག་ནའང་།  གློག་ཤུགས་དང་འགྲིམ་འགྲུལ། འཕྲིན་སྐྱེལ། ལྗོངས་སྐོར་ཞབས་ཞུ་སོགས་ཀྱི་ཆ་སྒྲིག་གི་སྒྲིག་བཀོད་རྗེས་ལུས་ཡིན་པར་མ་ཟད། རྫོང་ཡོངས་སུ་སྣེ་ལེན་ཁང་འགའ་དང་ཉལ་ཁྲི400ཙམ་ལས་མ་གཏོགས་མེད།

             དགེ་མཚན་གྱི་ནུས་པ་ལེགས་པར་སྤེལ་བ་བྱ་ཆེད། གཟི་རྩ་སྡེ་དགུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དཀའ་གནད་ལས་ཐར་བའི་བྱེད་ཐབས་མང་བོ་བཙལ་བ་བརྒྱུད།  ལྗོངས་སྐོར་གྱི་རྨང་གཞི་སྒྲིག་བཀོད་ལེགས་བཅོས་བྱ་བ་དེ་ལས་ཀ་གལ་ཆེན་ཞིག་ཏུ་བརྩིས་ནས། གཟིགས་སྐྱོང་སྲིད་ཇུས་དང་དངུལ་རྩའི་བྱེད་ཐབས་མང་བོའི་ལམ་ནས་ལྗོངས་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་།

             1988ལོར་སྐར་རིམ་གསུམ་པ་ཅན་གྱི་ཚད་གཞི་ལྟར་ཇུས་གཞི་བཀོད་པའི་གཟི་རྩ་སྡེ་དགུའི་མགྲོན་ཁང་བསྐྲུན་ཟིན། དུས་དེ་ནས་བཟུང་གཟི་རྩ་སྡེ་དགུའི་ལྗོངས་སྐོར་ཞབས་ཞུའི་སྒྲིག་བཀོད་ནི་དུས་རབས་གསར་བ་ཞིག་ཏུ་ཕྱིན་འདུག   དེའི་འཕྲོར་གཟི་རྩའི་མགྲོན་ཁང་དང་ཞིང་ཡུས་མགྲོན་ཁང་ལ་སོགས་པའི་རིམ་ཚད་མཐོ་བའི་མགྲོན་ཁང་གཅིག་རྗེས་གཉིས་མཐུད་དུ་བསྐྲུན་ཚར་ནས་ལྗོངས་རྒྱུ་བ་སྣེ་ལེན་བྱེད་མགོ་ཚུགས་པ་དང་། ལྷག་པར་དུ་གཟི་རྩ་སྡེ་དགུའི་ཤི་ལེ་ཏེང་རྒྱལ་སྤྱིའི་མགྲོན་ཁང་དང2004ལོར་གཟི་རྩའི་ལྷ་ཡུལ་མགྲོན་ཁང་བསྐྲུན་ཚར་བས། ལྗོངས་རྒྱུ་བ་སྣེ་ལེན་བྱེད་པའི་སྤུས་ཚད་ཇེ་མཐོ་ཇེ་ལེགས་སུ་གྱུར་པར་མ་ཚད།  རྫོང་དེའི་ལྗོངས་སྐོར་ལས་རིགས་ནི་སྐྱེ་ཁམས་མཛེས་ལྗོངས་ཁོ་ནར་ལྟ་བ་ནས་ལྟ་སྐོར་དང་སྤྲོ་གསེང་སོགས་འཛོམས་པའི་རྣམ་གསར་ལྗོངས་སྐོར་རུ་འགྱུར་པའི་རྨང་གཞི་བཏིང་།

             ལོ་སུམ་ཅུའི་རིང་གི་འབད་བརྩོན་བྱས་པ་བརྒྱུད། མིག་སྔར་རྫོང་ཡོངས་སུ་མགྲོན་ཁང་དང་གསོལ་སྟོན་ཁང107 དང་གྲོང་གསེབ་ཀྱི་མགྲོན་ཁང669རུ་འཕེལ་བ་དང་དེར་ཉལ་ཁྲི67657ཡོད་པ་དང་། ལྗོངས་སྐོར་ཁང23དང་བོད་ཁྱིམ་སྤྲོ་གསེང་ཁང39རུ་འཕེལ།

             རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཇེ་ཚང་དུ་གྱུར་པ་དང་ལྗོངས་སྐོར་གྱི་མ་ལག་ཇེ་ལེགས་སུ་གྱུར་པ་དང་སྦྲགས། གཟི་རྩ་སྡེ་དགུའི་ལྗོངས་སྐོར་ཐོན་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ།

             1984ལོར་གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཀྱི་སྒོ་ཕྱི་ཕྱོགས་སུ་ཕྱེས་ནས། ལོ་དེར་ལྗོངས་རྒྱུ་བ་མི་ཐེངས་ཁྲི2.7ལྷག་སྣེ་ལེན་བྱས་པ་དང་ལྗོངས་སྐོར་གྱི་སྤྱི་ཚོགས་ཡོང་སྒོ་སྒོར་ཁྲི27དུ་བསླེབས། 1995ལོར་ལྗོངས་སྐོར་ལས་རིགས་ཀྱི་སྲོག་ཤིང་ཁེ་ལས་ཀྱིས་སྣེ་ཁྲིད་ཀྱི་ནུས་པ་སྤེལ་བས། ལོ་དེར་ལྗོངས་རྒྱུ་བ་མི་ཐེངས་ཁྲི16.7སྣེ་ལེན་བྱས་པ་དང་ལྗོངས་སྐོར་གྱི་སྤྱི་ཚོགས་ཡོང་སྒོ་སྒོར་ཁྲི3900ལྷག་ཏུ་བསླེབས། 1998ལོར་གཟི་རྩའི་སྐོར་ལམ་ཤར་གཏོང་བྱུང་ནས་ལྗོངས་རྒྱུ་བ་ཇེ་མང་དུ་གྱུར་པས། ལོ་དེར་ལྗོངས་རྒྱུ་བ་མི་ཐེངས་ཁྲི40སྣེ་ལེན་བྱས་པ་དང་ལྗོངས་སྐོར་གྱི་སྤྱི་ཚོགས་ཡོང་སྒོ་སྒོར་དུང་ཕྱུར་གཅིག་ལས་བརྒལ།  2007ལོར་གཟི་རྩ་སྡེ་དགུ་ལ་ཀྲུང་གོའི་ལྗོངས་སྐོར་ལ་བརྟེན་ནས་རྫོང་སྟོབས་འབྱོར་བཏང་བའི་རྫོང་གི་མཚན་སྙན་ཐོབ་པ་དང་ལོ་དེར་ལྗོངས་རྒྱུ་བ་མི་ཐེངས་ཁྲི300ལྷག་སྣེ་ལེན་བྱས་པ་དང་ལྗོངས་སྐོར་གྱི་ཐོན་རིན་སྒོར་དུང་ཕྱུར30ལྷག་ཏུ་བསླེབས། 2012ལོར“5·12”ཝུན་ཁྲོན་དུ་ས་འགུལ་ཆེན་པོ་བྱུང་རྗེས་ཀྱི་བསྐྱར་སྐྲུན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བས། ལོ་དེར་ལྗོངས་རྒྱུ་བ་མི་ཐེངས་ཁྲི450ལྷག་སྣེ་ལེན་བྱས་པ་དང་ལྗོངས་སྐོར་གྱི་སྤྱི་ཚོགས་ཡོང་སྒོ་སྒོར་དུང་ཕྱུར60ལྷག་ཏུ་བསླེབས། 2014ལོར་གཟི་རྩ་སྡེ་དགུ་རྫོང་གིས་རྒྱལ་སྤྱིའི་ལྟ་སྐོར་འགྲོ་ས་བསྐྲུན་པའི་དམིགས་འབེན་དང་མངའ་ཁོངས་ཡོངས་ལྗོངས་སྐོར་དུ་བསྒྱུར་བའི་སྤྱིའི་འཐབ་ཇུས་ལ་དམིགས་ནས། ཉིན་གཅིག་ཏུ་གཟི་རྩ་ཡོངས་སུ་ལྟ་སྐོར་བྱ་བའི་བྱེད་སྒོ་སྤེལ་མགོ་ཚུགས་པས། ལོ་དེར་ལྗོངས་རྒྱུ་བ་མི་ཐེངས་ཁྲི605ལྷག་སྣེ་ལེན་བྱས་པ་དང་ལྗོངས་སྐོར་གྱི་སྤྱི་ཚོགས་ཡོང་སྒོ་སྒོར་དུང་ཕྱུར78.13ལྷག་ཏུ་བསླེབས། གཞི་གྲངས་དེ་དག་ལས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་བཞིའི་རིང་གཟི་རྩ་སྡེ་དགུའི་ལྗོངས་སྐོར་ལས་རིགས་མེད་པ་ནས་ཡོད་པར་གྱུར་པ་དང་། ཆུང་གྲས་ནས་ཆེ་གྲས་སུ་གྱུར་པ།  མཐའ་མར་རྫོང་དེའི་སྲོག་ཤིང་ཐོན་ལས་ཤིག་ཏུ་གྱུར་པའི་ལོ་རྒྱུས་ཀྱི་ལམ་བུ་མངོན་འདུག

           ད་ལྟ།“8·8”གཟི་རྩ་སྡེ་དགུར་ས་འགུལ་བྱུང་ནས། རྫོང་དེའི་ལས་རིགས་སྣ་ཚོགས་ལ་གནོད་སྐྱོན་ཐེབས་ནའང་།  གནོད་རྗེས་བསྐྱར་སྐྲུན་གྱི་བྱ་བ་སྤེལ་མགོ་ཚུགས་པ་དང་།  གཟི་རྩ་སྡེ་དགུའི་ཕོ་མོ་རྒན་གཞོན་རྣམས་ཀྱིས་སྒུག་རྟེན་མེད་པའི་སྒོས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། སྔར་ཡོད་དང་མཚུངས་པའི་གཟི་རྩ་སྡེ་དགུ་སླར་གསོ་བྱ་ཐུབ་པ་དང་གཟི་རྩ་སྡེ་དགུ་ཡང་བསྐྱར་དར་རྒྱས་གོང་འཕེལ་དུ་འགྲོ་བ་ནི་སྨོས་མི་དགོས་པ་རེད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།