བྱིས་པ་དཔེ་ཀློག་ལ་སྐུལ་བ།

རྩོམ་པ་པོ།    ནག་ཀྱཱ་བ་ཤ་བོ་ཚེ་རིང་།དུས་ཚོད།   2018-09-25   རྩོམ་ཁུངས།    རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

            ནམ་རྒྱུན་བྱིས་པ་དཔེ་ཀློག་ལ་འཇུག་པར་བྱེད་རྒྱུ་ནི་ཕ་མ་དང་དགེ་རྒན། སྤྱི་ཚོགས་ཧྲིལ་བོའི་འགན་འཁྲི་ཞིག་ཡིན་ལ། སློབ་གསོའི་དམིགས་འབེན་ལྟ་བུ་ཡིན།  ཡིན་ན་ཡང་བྱིས་པས་དཔེ་ཀློག་མི་བྱེད་པར་གློག་རྡུལ་རྩེད་ཆས་དང་འགུལ་རིས་སོགས་ལ་འཇུག་སླ་ཞིང་དེ་ལས་ཕྱིར་མི་ལྡོག་པར་ལོག་ལམ་དུ་འཕྱན་པའི་གནད་དོན་མང་བོ་ཞིག་ད་ལྟའི་སྤྱི་ཚོགས་ཀྱི་གྲུ་ག་སོ་སོ་རུ་ཆུ་ལོག་བཞིན་བརྡོལ་བཞིན་ཡོད།  འདི་ནི་ད་ལྟའི་སློབ་གསོའི་གནད་དོན་དང་དཀའ་རྙོག་ཅིག་ཏུའང་གྱུར་བས།  གཤམ་གྱི་གཏམ་རྒྱུད་ཐུང་ངུ་འདི་ལ་ལན་གཅིག་གཟིགས་རོགས།  

              ནམ་རྒྱུན་ཚང་ཁ་ཤིག་ཤིག་གིས་ཁེངས་པའི་མགྲོན་འཁོར་དུ་བུད་མེད་ན་གཞོན་ཞིག་དང་ཁོ་མོའི་བྱིས་པ་གཉིས་ཀྱིས་རང་ས་རུ་དཔེ་ཀློག་བྱེད་བཞིན་པའི་རྣམ་པ་འདི་དེ་གའི་ཉེ་འཁོར་གྱི་མི་རྣམས་ཀྱིས་མཐོང་བས་ཧ་ལས་པར་གྱུར། 

             མི་རྣམས་ཀྱིས་བུད་མེད་འདི་ལ།  “ཁྱོད་ཀྱིས་བྱིས་པར་དེང་རབས་གློག་ཆས་རྩེད་མོའི་རིགས་མི་རྩེད་བར་དཔེ་ཀློག་ལ་ཇི་ལྟར་སྐུལ་བ་ཡིན།”ཞེས་དྲིས།  

             བུད་མེད་འདིས་ཕྱིར་ “བྱིས་པས་ཕ་མའི་སྐུལ་སློང་ལ་ཉན་པ་མ་རེད།  ཕ་མའི་བྱ་སྤྱོད་ལ་ལད་མོ་བྱས་པ་རེད །  བྱིས་པའི་སློབ་གསོ་ནི་ཕ་མ་དང་བྱིས་པའི་བར་གྱི་ལད་མོ་ནས་འགོ་རྩོམ་དགོས།” ཞེས་ལན་བཏབ།  

             དོན་དངོས་སུ་བྱིས་པའི་སློབ་གསོ་ནས་ཁྱིམ་ཚང་སློབ་གསོ་ནས་འགོ་རྩོམ་དགོས་ལ། ཐོག་མར་ཕ་མ་ནས་འགོ་རྩོམ་དགོས་པའི་གནས་ལུགས་

ལ་གསལ་འདེབས་ཏོག་ཙམ་བྱས་པས། ཚང་མས་མགོ་ནང་དུ་བཀུགས་ནས་རྗེས་སུ་ཡི་རངས་བྱས། 

             ཁྱིམ་ཚང་གི་སློབ་གསོ་ནི་ཚན་རིག་ཅིག་ཡིན་ལ། སྒྱུ་རྩལ་ཞིག་ཀྱང་ཡིན། འགན་འཁྲི་ཡོད་པའི་ཁྱིམ་བདག་གིས་རང་རྟོགས་སྒོས་ཁྱིམ་ཚང་སློབ་གསོའི་སྒྱུ་རྩལ་དང་ཐབས་ལམ་འཚོལ་བསྙེགས་དང་སློབ་སྦྱོང་ཡག་པོ་བྱས་ཏེ། རང་གི་བྱིས་པ་རྒྱལ་ཁའི་ལམ་དུ་ཐབས་བརྒྱ་ཇུས་སྟོང་གི་ཁྲིད་པ་དང་། བྱིས་པའི་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་ཕ་མ་ནི་བྱིས་པའི་ལག་པ་གཡས་གཡོན་ལྟ་བུའི་སྟོབས་ཤུགས་ཤིག་ཏུ་ཆགས་ཡོད། 

             གསལ་བོར་བཤད་ན། བྱིས་པ་སྤྱོད་ཡོན་གཉིས་ལྡན་དང་རྒྱལ་ཁའི་ལམ་དུ་བསྐྱོད་དགོས་ན།  ཁྱིམ་བདག་གིས་ངེས་པར་བྱིས་སྐྱོང་གི་སློབ་གསོའི་ཐབས་ལམ་དང་སྒྱུ་རྩལ་བཟང་བོ་རྟོགས་དགོས་ལ་དེ་མཚུངས་སུ་སློབ་ཀྱང་དགོས། བྱིས་པའི་བདེ་ཐང་གི་འཚར་ལོངས་ལ་སྨན་པའི་སློབ་གསོའི་མན་ངག་རྟོགས་ན། ད་གཟོད་བྱིས་པའི་དཀའ་ངལ་ལམ་སང་ཐག་གཅོད་བྱེད་ཐུབ། 

              རང་ཉིད་ཀྱི་བྱིས་པའི་ཡོད་ཚད་དགེ་རྒན་ལ་བཅོལ་བ་ནི་དོན་དངོས་སུ་ཁྱིམ་བདག་གིས་བྱིས་པའི་ཡོད་ཚད་ཁུར་དུ་མ་བླངས་པའི་མཚོན་ཚུལ་ཞིག་ཡིན་ལ།  ང་ཚོའི་སློབ་གསོའི་འཐུས་ཤོར་ཞིག་ཏུ་ཆགས་ཡོད་པས། ཁྱིམ་ཚང་དང་ཕ་མའི་སློབ་གསོ་ལ་དང་དོད་ཆེན་པོ་བྱེད་རྒྱུ་ནི་དངོས་གནས་གལ་ཆེ། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།