བྱིས་པ་ལ་འཛམ་གླིང་བསྒྱུར་བཀོད་བྱེད་པའི་ནུས་ཤུགས་ཡོད།

རྩོམ་པ་པོ།   དུས་ཚོད།   2018-09-17   རྩོམ་ཁུངས།   

 Maria Montessori  ནག་ཀྱཱ་བ་ཤ་བོ་ཚེ་རིང་གིས་བསྒྱུར།

           ངའི་རེ་བ་ནི་མི་རྣམས་ལ་རོགས་རམ་བྱས་ནས་བསམ་བློའི་འཆིང་རྒྱ་ལས་གྲོལ་ཏེ།  རང་དབང་མང་བོ་སྟེར་རྒྱུ་དེ་ཡིན། བྱིས་པའི་རང་རྒྱུད་ན་ཡོད་པའི་ནུས་པ་མང་བོ་སྔོག་འདོན་བྱེད་རྒྱུ་དེ་ཡིན།  ད་ལྟའི་འཛམ་གླིང་དུ་འགལ་འདུ་དང་རྩོད་རྙོག་མང་བོ་ཞིག་སླེབས་ཀྱིན་ཡོད།  མིའི་རིགས་ཀྱི་འཆམ་མཐུན་བདེ་སྐྱིད་ཀྱི་ཁྱིམ་གཞི་ཞིག་སྐྲུན་སླད་འབད་བརྩོན་ལྷོད་མེད་གནང་བཞིན་ཡོད།  དམིགས་ཡུལ་འདི་མངོན་འགྱུར་བྱེད་དགོས་ན།  ངེས་པར་དུ་སློབ་གསོར་བརྟེན་དགོས།  བསམ་བློའི་ཐད་ནས་བརྗོད་ཚེ།  མིའི་རིགས་ད་རུང་དཔལ་ཡོན་གྱི་རེ་བསྙེགས་ལ་ཡེ་ནས་ཐོན་ཐུབ་ཀྱིན་མེད།

         མིའི་རིགས་ཀྱིས་དཔལ་ཡོན་ལྡན་པའི་དམིགས་འབེན་བཟང་བོ་མངོན་འགྱུར་བྱེད་དགོས་ན། འཐབ་འཁྲུག་མེད་པའི་སྤྱི་ཚོགས་ཀྱི་ཕུགས་འདུན་འདི་ལ་ད་རུང་ཡུན་རིང་དུ་བསྐྱོད་དགོས།  དུས་སྐབས་མང་བོ་ཞིག་ལ།  རང་ཉིད་ཀྱི་ལས་དབང་ལ་གཏན་ནས་རེག་ཐུབ་ཀྱིན་མེད། འཛམ་གླིང་གི་འཇགས་ཐབས་མེད་པའི་བྱ་དངོས་མང་བོ་ཞིག་ལ་ཁ་གཏོད་དགོས་ལ།  ལས་དབང་གི་བཀོད་པ་ལ་ཁ་གཏོད་སྐབས་མིའི་རིགས་ཧ་ཅང་ཉམས་ཆུང་ཡིན།  ཐ་ན་གཡུལ་འཁྲུག་དང་ཟང་ཟིང་གི་ཁྲོད་ཀྱི་གླུད་རྫས་སམ་འཆི་བདག་གི་སྒོ་ཁར་འདེད་པའི་སྙིགས་རྫས་ལྟ་བུར་ཆགས་ཡོད།  

        ཅི་ལྟར་བྱས་ན་ད་གཟོད་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་བམ། མི་རྣམས་ཀྱིས་སློབ་གསོ་ནི་དཔལ་ཡོན་ལྡན་པའི་མདུན་ལམ་དུ་བསྐྱོད་པའི་ལམ་ཁ་ཞིག་ཡིན་པར་ཁས་ལེན་འཆའ་བཞིན་ཡོད། འོན་ཀྱང་མི་མང་བོ་ཞིག་གིས་སློབ་གསོ་ནི་མི་རྣམས་ལ་ཤེས་རིག་བརྒྱུད་སྤྲོད་བྱེད་པའི་ལག་ཆ་ཞིག་ཏུ་ནམ་ཀུན་བསམ་གྱིན་ཡོད། དུས་ཡུན་རིང་བོར་མི་རྣམས་ཀྱིས་རྙིང་ཞེན་དུ་གྱུར་བའི་ཐབས་ཤེས་ལ་བརྟེན་ནས་སློབ་མ་སྐྱེད་བསྲིང་བྱེད་ཀྱིན་ཡོད།  ནམ་ཡང་གསོན་ཤུགས་འབར་ཞིང་བྱེད་ནུས་ལྡན་པའི་སློབ་གསོའི་ཐབས་ལམ་གསར་བ་ཞིག་ལ་བརྗེས་སྤོར་དང་ཚོད་བགམ་ཡག་པོ་ཞིག་གཏན་ནས་བྱེད་ཐུབ་ཀྱིན་མེད། 

        ཡང་མི་མང་བོ་ཞིག་གིས་མཚན་ཉིད་རིག་པས་དཔལ་ཡོན་ལྡན་པའི་སྤྱི་ཚོགས་བསྐྱར་འཛུགས་ལ་བྱས་རྗེས་ཆེན་པོ་འཇོག་ཐུབ་པར་བསམ་གྱིན་ཡོད།  འོན་ཀྱང་ད་ལྟའི་འཛམ་གླིང་དུ་མཚན་ཉིད་རིག་པ་སྨྲ་བ་ག་ཚོད་ཅིག་ཡོད་པ་མི་བཤད་ཐབས་མེད་རེད། གནའ་ནས་ད་ལྟའི་བར་དུ་ངེས་དོན་གྱི་མཚན་ཉིད་རིག་པ་མང་བོ་མེད།  མ་འོངས་པར་ཡང་འབྱུང་ཐུབ་བཟོ་མི་འདུག 

  དོན་དངོས་སྟེང་ང་ཚོས་སློབ་ཁྲིད་ཁྲོད་རྒྱུན་དུ་སློབ་མ་རྣམས་ལ་ཁྱད་དུ་འཕགས་པའི་བསམ་བློ་བརྒྱུད་སྤྲོད་བྱས་ན།  འཛམ་གླིང་གི་འཐབ་འཛིང་དང་འགལ་ཟླ་མང་བོ་ཞིག་སེལ་བར་རྔོ་ཐོགས་པ་རེད། ཡིན་ན་ཡང་ང་ཚོའི་སློབ་གསོའི་འདི་འདྲའི་ནུས་པ་བཏོན་ཐུབ་ཀྱིན་ཡོད་དམ།  གལ་ཏེ་ང་ཚོས་སྔོན་ཆད་ལྟར་ཁེར་རྐྱང་གི་རྣམ་པས་སློབ་མར་ཤེས་རིག་བརྒྱུད་སྤྲོད་བྱས་ན།ཡང་ན་འདི་འདྲའི་རུལ་སུངས་ཀྱི་སློབ་གསོས་སློབ་མར་སློབ་གསོ་སྤེལ་ན།  སུ་ཞིག་གིས་མིའི་རིགས་ཀྱི་མ་འོངས་པ་ལ་འགྱུར་བཀོད་གཏོང་བར་རེ་བཅོལ་བྱེད་ཐུབ།  གལ་ཏེ་ང་ཚོས་བྱིས་པའི་ཀུན་སྤྱོད་གསོ་སྦྱོང་ལ་དོ་སྣང་མ་བྱས་ན།  ཤེས་བྱ་བརྒྱུད་སྤྲོད་ཁོ་ནས་ནུས་པ་ཅི་ཞིག་འདོན་ཐུབ་བམ། ང་ཚོས་ངེས་པར་དུ་བྱིས་པའི་སེམས་ཁམས་ལ་མཐོང་ཆེན་དང་རང་གཤིས་གསོ་སྐྱོང་།  བྱིས་པའི་ནུས་པ་སྔོག་འདོན་ལ་དོ་སྣང་བྱེད་དགོས།  འཛམ་གླིང་འགེབས་སྲུང་བྱས་འདོད་ན།  ངེས་པར་བྱིས་པ་ལ་བརྟེན་དགོས།  བྱིས་པ་ནི་མ་འོངས་པའི་འཇིག་རྟེན་སྐྱོབ་མཁན་ཡིན།

        བྱིས་པའི་སྟེང་དུ་རྟོགས་མི་ཐུབ་པའི་ནུས་པ་མང་བོ་ཞིག་སྦས་ཡོད་པ་རེད།  ནུས་པ་འདི་དག་གལ་ཏེ་སྔོག་འདོན་བྱེད་ཐུབ་ན།  མིའི་རིགས་ཀྱི་མ་འོངས་པ་འོད་ཟེར་སྟོང་ལྡན་དུ་འགྱུར་ཐུབ།  རྒྱུ་མཚན་དེའི་དབང་གིས་།  གལ་ཏེ་ང་ཚོས་འཛམ་གླིང་བསྒྱུར་བཀོད་བྱེད་པར་རེ་འདོད་ཆེན་པོ་སྟེ་འོད་སྣང་གི་མ་འོངས་པ་ཞིག་བསུ་འདོད་ན།  ངེས་པར་དུ་བྱིས་པའི་ནུས་པ་སྔོག་འདོན་གྱི་ལས་དོན་ལ་འབད་དགོས།  ད་ལྟ་སེམས་ཁམས་རིག་པ་སྨྲ་བ་མང་བོས་གསར་དུ་སྐྱེས་པའི་བྱིས་པའི་སེམས་ཁམས་འགུལ་བསྐྱོད་ལ་དང་དོད་ཆེན་པོ་མཛད་པ་དང་།  ཁོ་ཚོས་ཐ་ན་བྱིས་པ་སྐྱེས་ནས་དུས་ཚོད་གསུམ་གྱི་རྗེས་ནས་རྟོག་དཔྱོད་བྱེད་འགོ་རྩོམ་གྱིན་ཡོད།  ཞིབ་ཕྲའི་རྟོག་དཔྱོད་ཞིབ་འཇུག་བྱས་ཏེ་མཇུག་མཐར་བསྡོམས་ཚིག་ཅིག་བཀོད་ཡོད་པ་ནི། མི་སྐྱེས་ནས་ལོ་གཉིས་འགོར་རྗེས་ཀྱི་མི་ཚེ་ནི་ཆེས་གལ་ཆེ་བའི་དུས་སྐབས་ཉག་གཅིག་ཡིན། ཞེས་པ་དེ་ལགས། 

       སེམས་ཁམས་རིག་པ་སྨྲ་བ་དག་གིས། མིའི་རིགས་རང་ཉིད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ནི་སྐྱེས་ནས་འགོ་རྩོམ་པ་ཡིན།  ཞེས་པའི་སྐད་ཆ་འདིའི་ཁྲོད་ནས་བསྡོམས་ཚིག་ཅིག་རྙེད་ཐུབ་པ་ནི།  བྱིས་པའི་སློབ་གསོ་ནི་བྱིས་པ་སྐྱེས་པའི་ཉིན་དང་བོ་ནས་འགོ་རྩོམ་དགོས་པར་བསྟན་ཡོད།  བསྡོམས་ཚིག་འདིར་བལྟས་མ་ཐག་གཏན་ཚིགས་དང་མི་མཐུན་པ་ཞིག་ཏུ་སྣང་ལ།  བྱིས་པ་སྐྱེས་མ་ཐག་ནས་སམ་ཡང་ན་ལོ་གཉིས་ལ་སོན་པའི་བྱིས་པ་ཞིག་ལ་སློབ་གསོ་གཏོང་ཐབས་མེད། རྒྱུ་མཚན་ནི་བྱིས་པས་ང་ཚོའི་སྐད་ཆ་གོ་མི་ཐུབ། ཐ་ན་བྱིས་པའི་རྐང་ལག་ཀྱང་བརྟན་པོའམ་སྲ་མོར་ཆགས་མེད།  ང་ཚོས་བྱིས་པ་བཙས་མ་ལ་སློབ་གསོ་ཇི་ལྟར་གཏོང་།  དེས་ན་བྱིས་པ་བཙས་མར་འཕྲོད་བསྟེན་སློབ་དགོས་སམ།  དེ་འདྲ་གཏན་ནས་མ་ཡིན་ཏེ།  ངས་བལྟས་ན་བྱིས་པ་བཙས་མའི་སློབ་གསོ་ནི་འཕྲོད་བསྟེན་སློབ་ཁྲིད་ལས་བརྗོད་དོན་ཕུན་སུམ་ཚོགས་ལ་ཁྱབ་རྒྱ་ཆེ་བ་ཞིག་རེད། 

      ཆེས་ཐོག་མའི་དུས་རིམ་ནས་ང་ཚོས་བྱིས་པ་བཙས་མའི་སློབ་གསོ་ནི་ཁོ་ཚོ་འཕེལ་རྒྱས་ཀྱི་ཐོག་མའི་སེམས་ཁམས་ཀྱི་ནུས་པ་འཕེལ་རྒྱས་ཡིན་པས་ནུས་ཤུགས་འདོན་དགོས་ལ། ཡང་གཅིག་བཤད་ན། བག་འཁུམས་ཀྱི་སློབ་ཁྲིད་ཀྱི་ཐབས་ལམ་ལ་བརྟེན་ནས་བྱིས་པ་བཙས་མར་ཤེས་བྱ་བརྒྱུད་སྤྲོད་བྱེད་མི་རུང་ངོ་།  ། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།