ཁྲོ་ཆུ་རྫོང་ཙ་བུ་ཡུལ་ཚོས། མི་དམངས་འདུམ་འགྲིག་པ་གསོ་སྦྱོང་བྱས།

རྩོམ་པ་པོ།   དུས་ཚོད།   2018-09-04   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          རྔ་བའི་གསར་འགྱུར་དྲ་བའི་འཕྲིན། །མིག་སྔར། ཁྲོ་ཆུ་རྫོང་ཙ་བུ་ཡུལ་ཚོས་ལས་བྱེད་པ་ཡོངས་དང་། གྲོང་སྡེ་དང་ཚོ་ཆུང་ཡན་ཆོད་ཀྱི་ལས་བྱེད་པ་རྩ་འཛུགས་བྱས་ནས་ཙ་བུ་ཡུལ་ཚོའི་ཁྲིམས་ལུགས་ཅན་དང་མི་དམངས་འདུམ་འགྲིག་པ་གསོ་སྦྱོང་བྱས།

          ཉེ་ཆར་ཡུལ་ཚོ་དེར་ཁྲིམས་བཀོད་ཀྱི་གཉེན་སྒྲིག་ལོ་ཚད་ལོན་མེད་པའི་ན་གཞོན་མང་བོས་གཉེན་སྒྲིག་ལག་ཁྱེར་རེ་ཞུ་བྱེད་པའི་གནས་ཚུལ་བྱུང་བར་དམིགས་ནས། 《གཉེན་སྒྲིག་བཅའ་ཁྲིམས》དང《མི་འབོར་དང་འཆར་ལྡན་བུ་བཙའ་སྐོར་གྱི་བཅའ་ཁྲིམས》གསོ་སྦྱོང་བྱས། གཙོ་བོ་གཉེན་སྒྲིག་ལོ་ཚད་དང་གཉེན་སྒྲིག་ཆ་རྐྱེན། གཉེན་སྒྲིག་མ་བྱས་པར་བྱིས་པ་བཙས་པར་ཉེས་ཆད་གཅོད་རྒྱུ་དང་། གཉེན་སྒྲིག་མ་བྱས་སྔོན་བཙས་པའི་བྱིས་པའི་ཁྱིམ་ཐོ་འགོད་དཀའ་བ་སོགས་ཀྱི་ནང་དོན་ཞིབ་བཤད་བྱས། དུས་མཚུངས་སུ་ད་དུང《སི་ཁྲོན་ཞིང་ཆེན་གྱི་བཅའ་ཁྲིམས་རོགས་སྐྱོར་གྱི་སྲོལ་ཡིག》།《མི་དམངས་བར་འདུམ་སྐོར་གྱི་བཅའ་ཁྲིམས》དང《གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་སྐོར་གྱི་བཅའ་ཁྲིམས》སོགས་ཀྱི་ཁྲིམས་ལུགས་ཤེས་བྱ་སློབ་སྦྱོང་བྱས་པ་དང་། ད་དུང་རྒྱུན་མཐོང་གི་འགལ་བ་དང་རྩོད་གཞི་དེ་བཞིན་ཡུལ་མི་ལས་བཟོ་བས་གླ་ཕོགས་དེད་ལེན་དང་། ས་ཞིང་འགན་གཙང་ལེན། གཉེན་སྒྲིག་ཁྱིམ་ཚང་སོགས་ཀྱི་གནད་དོན་སྐོར་ལ། ཁྲིམས་ལུགས་ཁྲིམས་སྲོལ་དང་དཔེ་མཚོན་གྱོད་གཞི་བརྒྱུད་ནས་འགྲེལ་བཤད་བྱས།

        ཐེངས་འདིའི་བྱེད་སྒོས་བཅའ་ཁྲིམས་ཅན་དང་མི་དམངས་འདུམ་འགྲིག་པས་ཇི་ལྟར་བཅའ་ཁྲིམས་ལ་བརྟེན་ནས་གྲོང་གསེབ་ཀྱི་གཞི་རིམ་གྱི་འགལ་བ་དང་རྩོད་གཞི་བར་ཐག་གཅོད་བྱེད་པར་ཁྲིད་སྟོན་དང་། གྲོང་གསེབ་ཀྱི་གཞི་རིམ་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་འགན་སྲུང་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་བཏོན་ནོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།